གནས་ཚུལ། 详情

ཀོས་ནན་རྫོང་གིས་ཡུག་རྩྭ་བརྔ་བསྡུ་བྱས།

 མིག་སྔར། ཀོས་ནན་རྫོང་ཐར་ཤུལ་ཤང་རྒྱ་སེ་སྡེ་བའི་ཡུག་རྩྭ་གཅིག་བསྡུས་སྒོས་བརྔ་བསྡུ་བྱེད་པའི་དུས་ལ་ཁེལ་ཡོད། ས་གནས་དེ་གའི་མང་ཚོགས་ཀྱིས་གནམ་གཤིས་བཟང་པོ་དམ་འཛིན་བྱས་ཏེ། ནུས་ཤུགས་ཡོད་རྒུས་བརྔ་བསྡུ་དང་ཤོག་རྒྱག་པ། སྔོ་གཟན་གསོག་ཉར་བཅས་ཀྱི་ལས་ཀ་ཡག་པོ་བསྒྲུབས་ནས། གཟན་རྩྭ་ལོ་ལེགས་བྱུང་བ་དེས་ཕྱུགས་ཟོག་གི་དགུན་བསྐྱལ་གཟན་རྩྭ་མཁོ་སྤྲོད་བྱེད་པར་འགན་སྲུང་བྱས་པར་མ་ཟད། མང་ཚོགས་ཀྱི་འབབ་འཕར་ལམ་བུའང་རྒྱ་བསྐྱེད་པ་རེད།

 ཀོས་ནན་རྫོང་ཐར་ཤུལ་ཤང་རྒྱ་སེ་སྡེ་བའི་ཡུག་རྩྭ་འདེབས་འཛུགས་རྟེན་གཞིར་བསྐྱོད་པ་ན། བརྔ་བསྡུའི་འཕྲུལ་འཁོར་ཕར་འགྲོ་ཚུར་འོང་གིས་ལས་ཀར་བྲེལ་བཞིན་ཡོད་པ་དང་། འཕྲུལ་ཆས་ཅན་གྱི་བརྔ་བསྡུའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

ཀོས་ནན་རྫོང་ཐར་ཤུལ་ཤང་རྒྱ་སེ་སྡེ་བའི་སྡེ་མི་རྟ་མགྲིན་འབུམ་གྱིས་བཤད་རྒྱུར། ཡུག་རྩྭ་བརྔ་བསྡུ་བྱས་རྗེས་གཟན་རྩྭ་ཕྱེད་ཀ་སྔོ་གཟན་བཟོས་ནས་བཙོངས་ཏེ་ཡོང་འབབ་འཕར་བ་དང་། ཕྱེད་ཀ་གསོག་ཉར་བྱས་ནས་དགུན་དུས་ནོར་ལུག་གསོ་སྤེལ་བྱེད་པ། གཟན་རྩྭ་འདང་ངེས་ཡིན་ན་རྩྭ་རའི་གནོན་ཤུགས་ཀྱང་ཆུང་ལ་ཡོང་འབབ་དེ་བས་ཀྱང་བརྟན་པོ་ཡིན་ཟེར།

གཟན་རྩྭའི་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་བསྟུན། རྒྱ་སེ་སྡེ་བའི་སྡེ་མིས་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཧུར་བརྩོན་རང་བཞིན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། མང་ཚོགས་ཀྱིས་རང་འགུལ་ངང་རྨོ་འདེབས་བརྔ་བསྡུ་འཕྲུལ་ཆས་ཉོ་སྒྲུབ་བྱས་པ་དང་རང་བརྟེན་ངང་སྔོ་གཟན་ལས་སྣོན་བྱས་པས་གཟན་རྩྭ་ཐོན་སྐྱེད་ལས་སྣོན་གཞི་ཁྱོན་ཅན་དང་འཕྲུལ་ཆས་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་ཕྱིན་ཡོད།

བཅར་འདྲི། ཀོས་ནན་རྫོང་ཐར་ཤུལ་ཤང་རྒྱ་སེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་འབུམ་གྱིས་བཤད་རྒྱུར། ད་ལོར་མི་སྣ་རྩ་འཛུགས་དང་འཕྲུལ་ཆས་སོགས་རིགས་གང་གི་ཐད་ནས་ཀྱང་མཐོར་འདེགས་ཆེན་པོ་བྱུང་ཡོད་དེ། ངལ་རྩོལ་བ་གཙོ་བོ་རང་སྡེ་བའི་སྡེ་མི་ཡིན་པ་དང་། རྨོ་འདེབས་འཕྲུལ་ཆས་ཀྱང་ང་ཚོ་རང་ཉིད་ཀྱིས་ཉོས་པ་ཡིན། ཚང་མས་གཟན་རྩྭ་ལས་སྣོན་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། ད་ལོའི་ཡོང་འབབ་ཀྱང་ཧ་ཅང་བཟང་ཟེར།

ཡུག་རྩྭར་བརྟེན་ནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་བཞིན་ཡོད་དེ། དེང་སྐབས་སྤུས་ལེགས་ཡུག་རྩྭའི་ཐོན་ལས་དེ་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རོང་འབྲོག་པར་རྒྱུན་མཐུད་ངང་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་རོགས་རམ་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།


热门新闻

热门图库

热门排行