ཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་སྐབས་དྲུག་པ(མཚོ་ལྷོའི་འགྲན་ཁུལ)དང་མཚོ་ལྷོ་ཁུལ་གྱི་རོང་འབྲོག་མང་ཚོགས(ལས་བཟོ་བ)ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པ་མཚོ་ལྷོ་ཁུལ་མི་རིགས་ལུས་རྩལ་ར་བར་སྤེལ།
ཟླ10པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་སྐབས་དྲུག་པ(མཚོ་ལྷོའི་འགྲན་ཁུལ)དང་མཚོ་ལྷོ་ཁུལ་གྱི་རོང་འབྲོག་མང་ཚོགས(ལས་བཟོ་བ)ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པ་མཚོ་ལྷོ་ཁུལ་མི་རིགས་ལུས་རྩལ་ར་བར་སྤེལ་མགོ་བརྩམས་ཤིང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་མཉམ་དུ་འཛོམས་ནས་ལུས་རྩལ་གྱི་དགྱེས་སྟོན་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། རྩལ་འགྲན་གྱི་གཟི་ཉམས་དང་དམངས་སྲོལ་གྱི་གོམས་གཤིས་མཉམ་འདྲེས་ཁྲོད་དུས་རབས་གསར་པའི་མཚོ་ལྷོ་ཁུལ་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་དབྱར་མཚོ་ལྟར་རྒྱས་པའི་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་པོ་དང་དེ་མིན་མི་རིགས་སོ་སོའི་མང་ཚོགས་ཀྱི་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་བློའི་སྙིང་སྟོབས་མངོན་པར་བྱས་ཡོད།

གཞུང་དངོས། སྔ་དྲོའི་ཆུ་ཚོད་བཅུའི་སྟེང་ཚོགས་རར་ཞུགས་པའི་མཛད་སྒོ་དངོས་སུ་མགོ་བརྩམས་ཤིང་། རྒྱལ་དར་དང་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་རུ་ཁག་དག་སྔོན་ལ་ལུས་རྩལ་ར་བར་ཐོན་པ་དང་། ཁོ་ཚོའི་གོམ་སྟབས་དང་ཉམས་འགྱུར་ལས་མཚོ་ལྷོ་ཁུལ་གྱི་མི་རིགས་སོ་སོའི་མི་རྣམས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པའི་ལྷག་བསམ་ཟོལ་མེད་ཀྱི་ཐོག་མའི་སེམས་འདུན་དེ་མངོན་ཡོད་ལ། དེའི་རྗེས་ཀྱི་དར་ཚོན་རུ་ཁག་གི་ཟིལ་ཤུགས་ལས་མཚོ་ལྷོའི་ཡུལ་གྲུ་འདིའི་མཆོང་སྐྱོད་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་བོ་དེ་མངོན་པར་བྱས།
ཁུལ་ཐད་གཏོགས་ལས་ཁུངས་ཀྱི་འཐུས་ཚབ་རུ་ཁག་དང་རོང་འབྲོག་ལས་བཟོ་པའི་མང་ཚོགས་ཀྱི་འཐུས་ཚབ་རུ་ཁག ཁུལ་སྤྱི་བདེ་ཅུའུ་ཡི་རུ་ཁག དེ་མིན་གུང་ཧོ་དང་ཁྲི་ཀ ཐུན་ཏེ་དང་ཀོས་ནན། ཞིན་ཧེ་བཅས་རྫོང་ལྔའི་འཐུས་ཚབ་རུ་ཁག་དག་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་བརྒྱུད་ནས་རིམ་བཞིན་བསྐྱོད་ཀྱིན་ཡོད་པ་དང་། འགྲན་ཞུགས་རུ་ཁག་སོ་སོའི་རུ་མི་ཚོས་ལུས་ལ་མི་རིགས་ཀྱི་རྒྱན་གོས་སྤྲས་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་ཏེ། རྫོང་ཁག་སོ་སོའི་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་ཀྱི་ནང་དོན་དང་རིགས་སོ་སོའི་མང་ཚོགས་ཀྱི་བློ་སེམས་གཅིག་མཐུན་དང་དཔའ་མཛངས་རྟུལ་ཕོད་ཀྱི་བསམ་བློའི་སྙིང་སྟོབས་དེ་མངོན་པར་བྱས་ཡོད། ཕུལ་བྱུང་ལུས་རྩལ་པའི་རུ་ཁག་དང་སྲོལ་རྒྱུན་མདའ་འཕེན་རུ་ཁག ཤན་འབྱེད་པའི་རུ་ཁག་བཅས་གཅིག་རྗེས་གཉིས་མཐུད་ཀྱིས་ལུས་རྩལ་ར་བར་ཡོང་སྟེ། རང་ཁུལ་གྱི་རྩལ་འགྲན་ལུས་རྩལ་གྱི་སྟོབས་ཤུགས་དང་སྲོལ་རྒྱུན་མི་རིགས་ལུས་རྩལ་གྱི་ཡིད་དབང་འཕྲོག་ཤུགས། དེ་མིན་དྲང་གཞག་དང་སྤྱོད་གཙང་གི་འགྲན་བསྡུར་གྱི་རྣམ་པ་ཞིག་མངོན་ཡོད།

མཇུག་སྒྲིལ་མཛད་སྒོའི་སྟེང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཅང་ཏུང་མེ་ཡིས་ཤིས་ཚིག་ཕུལ་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀའོ་ཡུང་ཧུང་གིས་ཚོགས་ཆེན་མགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་རེད།
འགྲན་བསྡུར་གྱི་མགོ་བརྩམས་བྱུང་། འགྲན་རར་ཛ་དྲག་གི་རྣམ་པས་ཡོངས་སུ་ཁེངས་འདུག རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་ཞིག་བསྟུད་མར་འཁྲབ་སྟོན་བྱས་ཤིང་། རྫོང་རུའི་ཕ་ས་དང་ཕོ་རྩལ་འགྲན་རྩོད། མཚར་སྡུག་ཀོས་ནན་དང་ཀྲུང་ཧྭའི་གཟི་ཉམས་སོགས་ཁྱད་ཆོས་ལྡན་པའི་འཁྲབ་ཚན་བསྟུད་མར་འཁྲབ་སྟོན་བྱས་ཤིང་། རྫོང་རུའི་རིག་གནས་དང་ཤུལ་བཞག་རིག་གནས་ཏེ་བོད་ཀྱི་གཙག་དྲུབ། མཐོ་སྒང་སྲོལ་རྒྱུན་རྩལ་འགྲན། རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་གྱི་ཁྱད་ཆོས་མཉམ་འདྲེས་གཏིང་ཟབ་བྱས་ཡོད།

མཐར་འགྲན་རའི་མི་སྣ་ཡོངས་ཀྱིས་མགྲིན་གཅིག་ཏུ་བླངས་པའི་མེས་རྒྱལ་ལ་བསྟོད་གླུ་འབུལ་ཞེས་པའི་དབྱངས་རྟ་སྙན་མོའི་ཁྲོད་ཐེངས་འདིའི་མགོ་རྩོམ་མཛད་སྒོ་དེ་བདེ་བླག་ངང་མཇུག་བསྒྲིལ་བ་རེད།
ལྟད་མོ་བ་འཇམ་དབྱངས་ཀྱིས་བཤད་རྒྱུར། ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་དང་ལས་བྱེད་ལས་བཟོ་པའི་ལུས་རྩལ་འགྲན་ཚོགས་དེ་རིང་དངོས་སུ་མགོ་བརྩམས་པ་དང་ཚོགས་རར་འདུ་འཛིས་ཁེངས་ལ། ལྟད་མོར་ངོ་མཚར་ཆེ་བ་མ་ཟད། འགྲན་བསྡུར་ཡང་ཧ་ཅང་ཡག་པོ་འདུག ལུས་རྩལ་པ་ཚོས་འགྲན་བསྡུར་བརྒྱུད་ནས་གྲུབ་འབྲས་བཟང་བོ་བླངས་ནས། མཚོ་ལྷོ་ཁུལ་གྱི་རོང་འབྲོག་པ་དང་ལས་བྱེད་ལས་བཟོ་པའི་བསམ་བློའི་རྣམ་པ་ལེགས་པོ་མངོན་པར་བྱས་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་མཚོ་ལྷོའི་འགྲན་ཁུལ་ལ་དམངས་ཡོངས་ཟབ་ཞུགས་བྱས་ཡོད་ལ། དམངས་ཡོངས་བདེ་ཐང་དང་དམངས་ཡོངས་སྤྲོ་སྐྱིད་ཡོང་བ་བཅས་ལ་དམིགས་ནས། བསྡོམས་པས་ལུས་རྩལ་པ1900ལྷག་བཙིར་འགྱིག་དང་རྐང་རྩེད་སྤོ་ལོ། རྟ་རྒྱུག་དང་ཐག་འཐེན། ལྒང་ལི། མདའ་འཕེན། ས་སྒྱེ་མགྱོགས་པ། སྦེ་ག་སོགས་ཁྱད་ཆོས་ལྡན་པའི་འགྲན་བསྡུར་ཁྲོད་ཞུགས་ཤིང་། རོང་འབྲོག་མང་ཚོགས་དང་ལས་བྱེད་ལས་བཟོ་པ། ལས་རིགས་ཁག་གི་ལུས་རྩལ་ལ་མོས་མཁན་པ་ཚོ་དང་། མང་ཚོགས་སྔར་ལས་མང་པོ་ཞིག་རང་འགུལ་ངང་དམངས་ཡོངས་ཀྱི་ལུས་སྦྱོང་ཁྲོད་ཞུགས་ཡོད། དེ་མིན་འགྲན་རའི་ཁུལ་དུ་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང་ཁུལ་བཙུགས་ཏེ་འགྲན་བསྡུར་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་ལུས་རྩལ། ཡུལ་སྐོར། ཚོང་ཟོང་། ཁམས་གསོ་བཅས་མཉམ་འདྲེས་ཡོང་བར་སྐུལ་འདེད་བྱས་ནས་མང་ཚོགས་ཀྱི་ལུས་སྦྱོང་དང་ཐོན་ལས་ལ་གཉིས་ཁེ་གཉིས་ཕན་ཡོང་བར་བྱས་ཡོད།

བཅར་འདྲི། གུང་ཧོ་རྫོང་ཁྲ་ཆེན་ཁྱིམ་ཚང་ཕྱུགས་རའི་འགན་འཁུར་པ་མགོན་མོ་འཚོས་བཤད་རྒྱུར། ཐེངས་འདིའི་རོང་འབྲོག་པའི་ལུས་རྩལ་འགྲན་བསྡུར་བརྒྱུད་ནས་ང་ཚོས་རང་ཀུང་ཟིས་ཐོན་སྐྱེད་བྱས་པའི་ནོར་ཤའི་ཤ་སྐམ་དང་སྐམས་ཤའི་ཕིང་ཐང་ཡོད་པ་མ་ཟད། སྦྱོར་རྟའང་ཅི་ཡང་བསྲེས་མེད། ནོར་ཤའི་ཤ་སྐམ་དེར་ཁུག་མ་ཆེ་ཆུང་གཉིས་སུ་དབྱེ་ནས་ཚང་མས་བྲོ་བ་མྱོང་བར་དགའ་བསུ་ཞུ་བཞིན་ཡོད་ཟེར།
བཅར་འདྲི། ཀོས་ནན་རྫོང་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མི་ཀུན་བཟང་རྡོ་རྗེས་བཤད་རྒྱུར། དེ་རིང་མཚོ་ལྷོ་ཁུལ་གྱི་རོང་འབྲོག་པའི་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་མགོ་བརྩམས་ལ། ང་ཚོའི་ཀོས་ནན་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མི་ཚང་མ་རོང་འབྲོག་མང་ཚོགས་དང་ལས་བྱེད་ལས་བཟོ་པ་དག་ཡིན་ལ། ཚང་མས་རྐང་རྩེད་སྤོ་ལོའི་ར་བ་རུ་རྩལ་ནུས་མངོན་ཏེ་དཔའ་ངར་ཆེར་སྐྱེད་ཀྱི་བསམ་བློའི་ཉམས་འགྱུར་མངོན་ནས། འགྲན་བསྡུར་ཁྲོད་གྲུབ་འབྲས་བཟང་པོ་ཞིག་ལེན་ཐུབ་པའི་རེ་བ་བཅངས་ཡོད་ཟེར།
གཞུང་དངོས། ཐེངས་འདིའི་འགྲན་ཚོགས་དེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་གཞི་བཅོལ་ཏེ། ཅན་བཅུའི་ཏང་འཛུགས་སྐྱོང་གི་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། ཆེ་ཤོས་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་ལ་རྐང་བཙུགས་ནས། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཕྲག་ཏུ་ལེན་པ་བཅས་བྱས་ནས། ལུས་རྩལ་འགྲན་ཚོགས་དེ་དངོས་སྒྲུབ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་དགོས། དེ་ནི་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་ཚོགས་གཟབ་རྒྱས་ཤིག་ཡིན་པར་མ་ཟད། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན།