གནད་བསྡུས། 详情

ཞི་ཅིན་ཕིང་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ།

བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དེ།“ལྔ་བཅོ་ལྔའི”དུས་སྐབས་ཀྱི་བདེ་ཐང་འཛུགས་སྐྲུན་ཐད་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཐོབ་པར་ཁག་ཐེག་བྱེད་དགོས། 

ལི་ཆང་གིས་གཏམ་བཤད། ཀྲའོ་ལེ་ཅི་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་གྲོས་ཚོགས་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཟླ10པའི་ཚེས12ཉིན་ནས་ཚེས13ཉིན་བར་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། “ལྔ་བཅོ་ལྔ”དུས་སྐབས་ནི2035ལོར་བསླེབ་སྐབས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་ལ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དེ། དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་དོན་འཁྱོལ་བྱེད་པ་དང་། ལེགས་ཆ་དར་སྤེལ་དང་རྨང་གཞི་སྲ་བརྟན། མི་འདང་ས་གསབ་པ། ཞན་ཆ་སྟོབས་ཆེར་གཏོང་བ་སོགས་ཀྱིས་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མུ་མཐུད་དུ་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ཐད་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཐོབ་པར་ཁག་ཐེག་བྱེད་དགོས།

ལི་ཆང་གིས་སྤྱི་བསྡོམས་གཏམ་བཤད། ཀྲའོ་ལེ་ཅི་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་གྲོས་ཚོགས་ལ་ཞུགས།

ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ཀྱི་བདེ་ཐང་ནི་མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་ལྡན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་བདེ་ཐང་ལ་འགན་ལེན་བྱ་རྒྱུ་དེ་དམིགས་བསལ་གོང་སྤེལ་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས། དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་གཏན་འཁེལ་བྱས་པ་དང་། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཇུས་ཐག་བཅད་ཅིང་བཀོད་སྒྲིག་གལ་ཆེན་བྱས་ཏེ། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་དང་། སྲོལ་རྒྱུན་སྨན་རྫས་མ་ལག ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག སྨན་བཅོས་འགན་སྲུང་མ་ལག་བཅས་འཛུགས་པར་སྐུལ་འདེད་བཏང་བས། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ་མངོན་འགྱུར་བྱས་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་བསྐྲུན་དགོས་པའི་བདེ་ཐང་ཀྲུང་གོ་ནི་དོ་སྙོམས་ཀུན་ཕན་དང་སྤུས་ལེགས་ནུས་ཆེའི་བདེ་ཐང་ཀྲུང་གོ་ཞིག་ཡིན་པས། བདེ་ཐང་དོ་དམ་ནུས་པ་དང་། ནད་ཡམས་སྔོན་འགོག་ཚོད་འཛིན་ནུས་པ། སྨན་བཅོས་ཞབས་ཞུའི་ནུས་པ། སྨན་བཅོས་འགན་བཅོལ་གྱི་འདེགས་སྐྱོར་ནུས་པ། སྨན་རྫས་གསར་གཏོད་ནུས་པ། འཇོན་མི་གསོ་སྐྱོང་ནུས་པ་བཅས་ཆེན་པོ་ལྡན་ཡོད་པས། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བདེ་ཐང་གི་དགོས་མཁོ་ནུས་ལྡན་ངང་སྐོང་ཐུབ་པ་དང་། བདེ་ཐང་གི་དམིགས་ཚད་གཙོ་བོ་རྒྱུན་མཐུད་དང་བརྟན་རླིང་ངང་མཐོར་འདེགས་གཏོང་ཐུབ། 

ཞི་ཅིན་ཕིང་གིས་བསྟན་དོན། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་ལ་ཁྱོན་ཡོངས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ནུས་པ་ལྡན་པས། ངེས་པར་དུ་བདེ་ཐང་དམིགས་བསལ་འཕེལ་རྒྱས་ཀྱི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་དགོས། མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་དེ་སྲིད་ཇུས་ཁག་གི་ནང་འདྲེས་པར་བྱས་ནས་ཕྱོགས་གང་ཅིའི་བྱ་བའི་ནང་མངོན་པར་བྱས་ཏེ། འཆར་འགོད་གཏན་འབེབས་དང་སྲིད་ཇུས་ཇུས་འགོད། ལས་གཞི་རིགས་སྒྲུབ། བཟོ་འགོད་འཛུགས་སྐྲུན་སོགས་ཚང་མའི་ཐད་མི་དམངས་ཀྱི་བདེ་ཐང་ལ་ཐེབས་པའི་ཤུགས་རྐྱེན་ལ་དམིགས་བསལ་དུ་བསམ་གཞིག་གཏོང་དགོས།  

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྔོན་འགོག་ནི་གྲོན་ཆུང་ཆེ་ཤོས་དང་ཕན་ནུས་ཆེ་ཤོས་ཀྱི་བདེ་ཐང་ཐབས་ཇུས་ཤིག་ཡིན་པས། འཕྲོད་བསྟེན་དང་བདེ་ཐང་གི་རྨང་གཞིའི་རང་བཞིན་དང་འབྱུང་རྩའི་རང་བཞིན་གྱི་བྱ་བ་སྣ་ཚོགས་དམ་འཛིན་ཞིབ་ཚགས་བྱས་ནས། དམངས་ཡོངས་ཀྱི་བདེ་ཐང་རྨང་གཞི་སྲ་བརྟན་དུ་གཏོང་དགོས། སྤྱི་ཚོགས་ཡོངས་ལ་ཡང་དག་པའི་བདེ་ཐང་ལྟ་བ་འཛུགས་པར་ཁྲིད་སྟོན་བྱས་ཏེ། བདེ་ཐང་རང་སྐྲུན་དང་དོ་དམ་ནུས་ལྡན་བྱེད་དགོས། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་སློབ་སྦྱོང་དང་འཚོ་བའི་གོམས་གཤིས་བཟང་པོ་ཆགས་པར་ཁྲིད་སྟོན་བྱས་ནས། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་དང་ཐོན་སྐྱེད་འཚོ་བའི་ཁོར་ཡུག་བཟང་པོ་བསྐྲུན་ནས། དམངས་ཡོངས་ཀྱིས་ལུས་སྦྱོང་དང་བདེ་ཐང་ཁམས་གསེང་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། ཟས་རིགས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། “ལྕེ་རྩེའི་བདེ་འཇགས”སྲུང་སྐྱོང་ཡག་པོ་བྱེད་དགོས། ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་ནས། གཞི་ཁྱོན་རང་བཞིན་གྱི་རིམས་ནད་མི་ཐོན་པའི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། སྨན་བཅོས་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་ནི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཞིག་ཡིན། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་བཟོ་འགོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནུས་པའི་ངེས་གནས་དང་གྲུབ་ཚུལ་བཀོད་སྒྲིག་ལེགས་བཅོས་བྱེད་པ། རིམ་དབྱེ་སྨན་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱིས་ཐག་ཉེ་སར་སྨན་བཅོས་བྱེད་པ་དང་ནད་བཅོས་ཡག་པོ་བྱེད་ཐུབ་པར་བྱེད་དགོས། གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། འགོག་བཅོས་བདེ་ཐང་དོ་དམ་གྱི་འབྲེལ་ཐག་ཡོངས་ཀྱི་ཞབས་ཞུ་འཐུས་ཚང་དུ་གཏོང་དགོས། ཀྲུང་ལུགས་གསོ་རིག་དང་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཀྱི་ནང་རྐྱེན་འཐུས་ཚང་དུ་བཏང་ནས། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་དགོས། འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་རྨང་གཞིའི་ཞིབ་འཇུག་དང་གདོད་མའི་གསར་གཏོད་ལ་ཤུགས་བསྣན་ཏེ། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་བདེ་ཐང་ཐོན་ལས་སྟོབས་ཆེར་གཏོང་དགོས། སྨན་བཅོས་ཉམས་ལེན་ཇེ་ལེགས་སུ་བཏང་ནས། མང་ཚོགས་ཀྱི་སྨན་བཅོས་ལ་སྟབས་བདེ་ཚད་དང་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བཅོས་བསྒྱུར་ནི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་པས་སྨན་བཅོས་དང་སྨན་བཅོས་འགན་སྲུང་། སྨན་རྫས་བཅས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དེ་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་བསྒྱུར་གྱི་གཙོ་རྒོལ་ཁ་ཕྱོགས་སུ་བརྩི་བ་རྒྱུན་འཁྱོངས་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལས་ཁུངས་ཀྱི་བཅོས་བསྒྱུར་ཇུས་གཞི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སྤྱི་ཕན་རང་བཞིན་ཁྲིད་སྟོན་དུ་བཟུང་ནས་གཞུང་བཙུགས་སྨན་ཁང་གི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། རྫོང་དང་ཆུས། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་འཁོར་སྐྱོད་འགན་སྲུང་ལ་ཤུགས་སྣོན་དགོས། རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་འཛུགས་པ་དང་། སྨན་རྫས་ཟད་གྲོན་རྒྱུ་ཆ་གཅིག་སྡུད་སྔོག་འདོན་དང་། སྨན་བཅོས་འགན་སྲུང་གྲོན་དངུལ་གཏོང་སྤྲོད་དང་མ་དངུལ་བེད་སྤྱོད་བཅས་ཀྱི་སྲིད་ཇུས་ཇེ་ལེགས་སུ་བཏང་སྟེ། ཐེབས་རྩ་བདེ་འཇགས་ངང་འཁོར་སྐྱོད་དང་། སྨན་ཁང་འཁོར་སྐྱོད་བཟང་པོ་ཡོང་བ། མང་ཚོགས་ཀྱི་ཁུར་པོ་ལུགས་མཐུན་ཡོང་བ་བཅས་མངོན་འགྱུར་བྱེད་དགོས། སྨན་རྫས་མཁོ་སྤྲོད་འགན་སྲུང་དང་བེད་སྤྱོད་དོ་དམ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། སྨན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ཀྱི་བདེ་ཐང་འགན་ལེན་བྱེད་པར་འཕྲོད་བསྟེན་དང་བདེ་ཐང་ཁོངས་གཏོགས་ཀྱི་ལས་བྱེད་པའི་འཇོན་མིའི་དཔུང་སྡེ་སྟོབས་ཆེར་འཛུགས་དགོས། རིམ་པ་སོ་སོའི་གཙོ་གཉེར་སྡེ་ཁག་དང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཁག་དང་། ལྷག་པར་དུ“མགོ་ཁྲིད་པ་དང་པོ”གདམ་གསེས་ལེགས་པོ་བྱེད་དགོས་པ་དང་། གྲངས་འབོར་འདང་ངེས་དང་གྲུབ་ཚུལ་ལུགས་མཐུན། བྱང་ཚད་ལེགས་པ་བཅས་ཀྱི་སྨན་དོན་མི་སྣའི་དཔུང་སྡེ་ཞིག་ཧུར་ཐག་གིས་འཛུགས་དགོས། སྨན་པའི་ཀུན་སྤྱོད་དང་སྨན་པའི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལས་རིགས་ཀྱི་དར་སྲོལ་བཟང་པོ་བསྐྲུན་དགོས། སྨན་པར་བརྩི་བཀུར་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་ཚང་མར་བདེ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་འདུན་པ་ཡིན་པས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་འཛུགས་པར་ཧུར་ཐག་གིས་སྐུལ་འདེད་བཏང་ནས། འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་འགྲན་སློང་གལ་ཆེན་ལ་ལག་གདང་སྦྲེལ་ནས་ཁ་གཏད་འཇལ་ནས།  རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”གི་འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། འཕྲོད་བསྟེན་ཕྱི་ཕྱོགས་རོགས་སྐྱོར་བྱ་བར་ཤུགས་སྣོན་དང་གསར་སྐྲུན་བྱེད་དགོས། བདེ་ཐང་ཀྲུང་གོའི་གཏམ་རྒྱུད་ཡག་པོར་བཤད་ནས། རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་དགོས།

ལི་ཆང་གིས་སྤྱི་བསྡོམས་གཏམ་བཤད་ཁྲོད་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་སྐོར་གྱི་རྩ་བའི་རང་བཞིན་དང་། ཁ་ཕྱོགས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པར་ལན་གཏིང་ཟབ་བཏབ་ཡོད་པ་དང་། དེར་བསམ་བློའི་རང་བཞིན་དང་འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ནང་དུ་འཕྲོད་བསྟེན་དང་བདེ་ཐང་བྱ་བ་ལེགས་པོར་བསྒྲུབ་པར་ཁ་ཕྱོགས་གསལ་པོ་བསྟན་པ་དང་རྩ་བའི་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་པར་བརྟེན་སློབ་སྦྱོང་ནན་ཏན་བྱེད་པ་དང་ཇི་མ་ཇི་བཞིན་དུ་ལག་ལེན་མཐར་ཕྱིན་བྱེད་དགོས། བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་བཏང་ནས། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས། བདེ་ཐང་དམིགས་སུ་འཛིན་པའི་ཁྲིད་ཕྱོགས་བརྟན་པོར་བཙུགས་ཏེ། མི་དམངས་ཀྱི་བདེ་ཐང་དེ་དཔལ་འབྱོར་སྤྱི་ཚོགས་དང་མཐུན་སྦྱོར་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤྱི་ཕན་རང་བཞིན་བརྟན་སྲུང་བྱས་ནས། དམངས་ཡོངས་ཀྱི་བདེ་ཐང་རྨང་གཞི་བརྟན་པོ་འདིང་དགོས། གཞི་རྩར་འགན་ལེན་དང་སྤུས་ཚད་མཐོར་འདེགས་གཉིས་ཀར་མཐོང་ཆེན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སྣ་མང་རང་བཞིན་གྱི་བདེ་ཐང་དགོས་མཁོ་བསྐོང་དགོས། བཅོས་བསྒྱུར་གསར་གཏོད་དང་སྒོ་འབྱེད་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བརྒྱུད། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་གོང་འཕེལ་འགྲོ་བར་རྒྱུན་ཆད་མེད་པར་སྒུལ་ཤུགས་སྣོན་དགོས། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་ཁྲོད་གནས་པའི་དཀའ་ངལ་དང་འགག་གནད་འབུར་ཐོན་དག་དམིགས་སུ་བཟུང་སྟེ། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་རེའི་དོན་དག་གཙོ་བོར་འཛིན་པ་དང་། རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་ལེགས་པོ་བྱེད་པ། རིམ་དབྱེ་བརྟག་བཅོས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་ནད་བཅོས་མྱོང་རོལ་ལེགས་སྒྱུར་བྱེད་པ་བཅས་ཀྱིས་སྒོ་ནས་རིམ་པ་མང་བའི་སྨན་བཅོས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་དགེ་མཚན་དར་སྤེལ་ཤུགས་ཆེན་བཏང་ནས། “རྒན་གཅིག་བྱིས་གཅིག”གི་བདེ་ཐང་ཞབས་ཞུ་དམ་འཛིན་ནན་མོ་བྱེད་པ་དང་། ཚན་རྩལ་གྱིས་སྨན་རྫས་འཕྲོད་བསྟེན་ལས་རིགས་ཡར་རྒྱས་ལ་ནུས་ཤུགས་བསྩོལ་བར་སྐུལ་འདེད་བཏང་སྟེ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས་ཡོད།

ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ། འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་ཁེ་ལས་ཁག་ཅིག ཀྲུང་དབྱང་དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་དང་ཆེད་མཁས་པ། མཁས་པའི་འཐུས་མི་སོགས་གྲོས་ཚོགས་ལ་ཞུགས་ཡོད། །

热门新闻

热门图库

热门排行