གཙོ་གནད། 详情

ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཞིན་ཀི་ནེ་ཡའི་ཙུང་ཏུའུ་ཏ་ཏ་ཨའེ་ལ་ཀྲུང་གོ་དང་ཕ་ཕུ་ཡ་ཞིན་ཀི་ནེ་ཡའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཞིན་ཀི་ནེ་ཡའི་རང་བཙན་རྒྱལ་ཁབ་ཀྱི་ཙུང་ཏུའུ་ཏ་ཏ་ཨའེ་དང་ཕན་ཚུན་བར་རྟེན་འབྲེལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་ཀྱི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། ཕ་ཕུ་ཡ་ཞིན་ཀི་ནེ་ཡ་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་གྲོགས་པོ་བཟང་པོ་དང་། རོགས་ཟླ་ཡག་པོ། སྤུན་ཟླ་བཟང་པོ་བཅས་ཡིན། རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀའི་རིང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་ཇེ་ཟབ་ཏུ་ཕྱིན་པ་དང་། གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། མི་ཆོས་སྤེལ་རེས་ཉིན་བཞིན་རྒྱ་ཆེར་ཕྱིན་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱསཕྱིན་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཐད་སྟོབས་ཆེའི་སྒུལ་ཤུགས་བསྩལ་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་གོ་དང་ཕ་ཕུ་ཡ་ཞིན་ཀི་ནེ་ཡའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཏུའུ་ཏ་ཏ་ཨའེ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བརྩིས་ནས། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོ་དང་ཕ་ཕུ་ཡ་ཞིན་ཀི་ནེ་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབས་པར་སྣེ་ཁྲིད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པར་བདེ་སྐྱིད་བསྐྲུན་འདོད་ཡོད།

ཏ་ཏ་ཨའེ་ཡིས་བསྟན་དོན། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ50སོང་རིང་། ཕ་ཕུ་ཡ་ཞིན་ཀི་ནེ་ཡ་དང་ཀྲུང་གོའི་དབར་གྱི་འབྲེལ་བར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཁེ་ཐོབ་ཡོད། ཕ་ཕུ་ཡ་ཞིན་ཀི་ནེ་ཡ་ཡིས་ཀྲུང་གོ་དང་ཡུན་རིང་གི་མཛའ་གྲོགས་ལ་གཅེས་འཛིན་བྱེད་པ་དང་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྩི་སྲུང་ནན་མོ་ཞུས་ཏེ། རྒྱལ་ཁབ་གཉིས་ཀྱི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བརྩིས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད། 

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཕ་ཕུ་ཡ་ཞིན་ཀི་ནེ་ཡའི་ཙུང་ལི་མ་ལ་ཕའེ་དང་ཕན་ཚུན་དབར་རྟེན་འབྲེལ་གློག་འཕྲིན་བཏང་། ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཞིན་ཀི་ནེ་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་མཉམ་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་བཏང་སྟེ། ཀྲུང་གོ་དང་ཕ་ཕུ་ཡ་ཞིན་ཀི་ནེ་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མུ་མཐུད་དུ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

མ་ལ་ཕའེ་ཡིས་བསྟན་དོན། ཕ་ཕུ་ཡ་ཞིན་ཀི་ནེ་ཡ་སྲིད་གཞུང་གིས་ཀྲུང་གོས་ཕ་ཕུ་ཡ་ཞིན་ཀི་ནེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད། ཕ་ཕུ་ཡ་ཞིན་ཀི་ནེ་ཡ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་ཞུས་ནས། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཕྱོགས་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། །

热门新闻

热门图库

热门排行