གནད་བསྡུས། 详情

ཞིན་ཧེ་རྫོང་ཀླུ་མཆོད་ལུང་པར་ཁྲུང་ཁྲུང་ནག་པོ་འཚོ་གནས་བྱེད་བཞིན་པ་མཐོང་ཐུབ།

ཉེ་ཆར། ཞིན་ཧེ་རྫོང་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་རྫོང་སྤྱི་བདེ་ཅུའུ་དང་མཉམ་འབྲེལ་བྱས་ནས་ཀླུ་མཆོད་ལུང་པའི་རི་སྐྱེས་སྲོག་ཆགས་ཀྱི་གནས་སྤོ་དང་འཚོ་གནས་ཀྱི་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱེད་སྐབས། སྐོར་ཞིབ་མི་སྣས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ཏེ་ཁྲུང་ཁྲུང་ནག་པོ་བཞི་ཡིས་གནས་འདིར་འཚོ་གནས་བྱེད་བཞིན་པའི་རྣམ་པ་མཐོང་བྱུང་ལ། དེས་ཞིན་ཧེ་རྫོང་གིས་བསྟུད་མར་ལོ་གསུམ་རིང་ཀླུ་མཆོད་ལུང་པར་ཁྲུང་ཁྲུང་ནག་པོ་ངལ་གསོ་དང་གནས་སྡོད་བྱེད་པའི་རྣམ་པ་ཟིན་ཐོར་བཀོད་པ་མཚོན་ཡོད། བྱ་རིགས་རྩ་ཆེན་འདི་དག་བསྟུད་མར་ལོ་མང་རིང་ཞིན་ཧེ་རྫོང་ཁོངས་སུ་མཐོང་རྒྱུ་ཡོད་པ་དེས། ས་གནས་དེའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་པ་མཚོན་ཡོད།

ཁྲུང་ཁྲུང་ནག་པོ་ནི་རང་རྒྱལ་གྱི་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པས། བྱ་རིགས་ཁྲོད་ཀྱི་དོམ་ཁྲ་ཞེས་པའི་མཚན་སྙན་ཡོད་ལ། འཚོ་སྡོད་བྱེད་སའི་ཁོར་ཡུག་ལ་ཆ་རྐྱེན་ཤིན་ཏུ་མཐོ་བས། ས་ཁུལ་དེའི་སྐྱེ་ཁམས་སྤུས་ཚད་དང་ཆུའི་ཁོར་ཡུག་ལ་དཔྱད་འཇོག་བྱེད་པའི་སྐྱེ་ཁམས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཐེངས་འདིར་ཁྲུང་ཁྲུང་ནག་པོ་སླར་ཡང་ཀླུ་མཆོད་ལུང་པར་ཐོན་པ་དེས། ས་ཁུལ་དེའི་ཆུ་ཁོངས་དང་བརླན་སའི་སྐྱེ་ཁམས་མ་ལག་གི་སྤུས་ཚད་ལེགས་པོ་ཡིན་པ་ར་སྤྲོད་གསལ་པོ་བྱས་ཡོད་ལ། ས་ཁོངས་དེའི་ཆུའི་སྤུས་ཚད་ལེགས་ཤིང་ཆུ་སྐྱེས་ཐོན་ཁུངས་ཕུན་སུམ་ཚོགས་པ། མིའི་རིགས་ཀྱི་ཐེ་གཏོགས་ཉུང་བའི་རང་བྱུང་ཁོར་ཡུག་བཅས་ཀྱིས་ཁྲུང་ཁྲུང་ནག་པོ་དེར་ཡོང་བར་ཆ་རྐྱེན་བཟང་པོ་བསྐྲུན་ཡོད་པ་མ་ཟད། ད་དུང་ཁྲུང་ཁྲུང་སྐེ་ནག་དང་བྱ་ལོང་ལྟག་ཁྲ། སྐྱར་མོ་དཀར་པོ། ངུར་བ། སོ་བྱ། ཆུ་སྐྱར་པྲོག་མགོ་སོགས་ཆུ་བྱ་སྣ་ཚོགས་ལ་ཟས་འཚོལ་བ་དང་ཚང་བཅའ་བ། སྐྱེ་འཕེལ་བྱེད་སའི་གནས་མཆོག་ཏུ་གྱུར་ཡོད་ཅིང་། རི་སྐྱེས་འདབ་ཆགས་སྣ་ཚོགས་གནས་དེར་ཐོན་པ་དེས་སྐྱེ་དངོས་སྣ་མང་རང་བཞིན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་པ་མཚོན་ཐུབ།

ཉེ་བའི་ལོ་ཤས་རིང་། ཞིན་ཧེ་རྫོང་གིས་དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་གཙོར་འཛིན་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། བརླན་ས་དང་རྩྭ་ཐང་། ནགས་ཚལ་སོགས་སྐྱེ་ཁམས་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། རི་སྐྱེས་སྲོག་ཆགས་ལ་སྐོར་ཞིབ་དོ་དམ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་། འདབ་ཆགས་ཀྱི་འཚོ་གནས་ཁོར་ཡུག་སླར་གསོ་སོགས་ཀྱི་བྱ་བ་རྒྱུན་རྣམ་ཅན་དུ་སྤེལ་ནས། རི་སྐྱེས་སྲོག་ཆགས་རྔོན་པ་དང་འཚོ་གནས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་སྟེ། སྐྱེ་ཁམས་བདེ་འཇགས་ལ་འགན་ལེན་བྱས་ཡོད་ལ། སྐྱེ་ཁམས་སྲུང་སྐྱོང་གི་བྱ་བར་སྐུལ་འདེད་བཏང་བ་དང་བསྟུན་ནས། རང་བྱུང་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་སྟེ། བྱ་རིགས་རྩ་ཆེན་སྔར་ལས་མང་པོ་རྫོང་ཁོངས་འདིར་གནས་སྤོ་དང་ངལ་གསོ། འཚོ་གནས་བཅས་བྱེད་བཞིན་ཡོད་ལ། དེས་ཞིན་ཧེ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་ཐད་བླངས་པའི་གྲུབ་འབྲས་བཟང་པོ་མཚོན་ཡོད་པ་མ་ཟད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་རྣམ་པ་བཟང་པོ་དེའང་གསལ་པོར་མངོན་ཡོད།

热门新闻

热门图库

热门排行