སྲིད་དོན། 详情

མཚོ་ལྷོ་ཁུལ་གྱིས2027ལོའི་ལས་གཞིའི་ཇུས་འགོད་གྲབས་གསོག་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས།

ཟླ10པའི་ཚེས9ཉིན། མཚོ་ལྷོ་ཁུལ་གྱིས2027ལོའི་ལས་གཞིའི་ཇུས་འགོད་གྲབས་གསོག་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས་ཏེ། ནུས་ལྡན་སྒོས་དངུལ་འཇོག་ཚད་ཆེ་རུ་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། 2027ལོའི་ལས་གཞིའི་ཇུས་འགོད་གྲབས་གསོག་དང་དུས་ཚིགས་བཞི་པའི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་ཀྱང་གནང་ལ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སུན་ཅུན་ཞཱ་ཡིས་ཚོགས་འདུར་མགོ་འཛིན་གནང་།

ཚོགས་འདུ་ལས་ལས་གཞི་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་ས་གཙོ་བོ་དང་འགག་རྩའི་འདེགས་སྐྱོར་ཡིན་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྲིད་ཇུས་དང་མཐུན་པར་བྱེད་པ་དང་། དགོས་མཁོའི་ཁྲིད་སྟོན། སྤུས་ཚད་གཙོར་འཛིན་པ། ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། སྲིད་ཇུས་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་བ་དང་། ཁ་ཕྱོགས་ཡང་དག་ཅིག་འཚོལ་བ། གོ་སྐབས་དམ་འཛིན་བྱེད་པ། བརྒྱུད་རིམ་ལྡན་པའི་སྒོ་ནས་འཆར་འགོད་བྱེད་པ་དང་། གོ་རིམ་ཧྲིལ་པོར་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། ལས་གཞི་གྲབས་གསོག་གི་གནད་འཁེལ་རང་བཞིན་དང་ལག་བསྟར་བྱེད་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས། ཁུལ་ཡོངས་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་དང་ཐོན་ལས་རིམ་སྤར་གྱི་བར་སྟོང་། སྐྱེ་ཁམས་བཅོས་སྐྱོང་གི་ལས་འགན། དམངས་ཚིས་འགན་སྲུང་གི་སྟོང་ཆ་བཅས་ཕྱོགས་ཡོངས་ནས་གསལ་བོ་བྱ་དགོས། དྲ་བ་དྲུག་སོགས་ཁྱབ་ཁོངས་གལ་ཆེན་གྱི་མ་དངུལ་གཏོང་ཕྱོགས་དང་ཟུང་འབྲེལ་བྱས་ནས། མ་དངུལ་གཏོང་ཕྱོགས་དང་མཐུན་ཞིང་། གཞི་ཁྱོན་ཆེ་བ། སྣེ་ཁྲིད་ནུས་པ་ལྡན་པ། རྨང་གཞི་འདིང་བ་དང་ཡུན་རིང་ལ་ཕན་པའི་ལས་གཞི་ཆེ་གྲས་དང་བཟང་གྲས་སྐོར་ཞིག་གཅིག་བསྡུས་ཀྱིས་འཆར་འགོད་བྱ་དགོས།  འཇོན་ཡོན་ལྡན་པ་དང་ཡིད་རྟོན་བཟང་བ། གྲུབ་འབྲས་ལེགས་པ་བཅས་ཀྱི་འཆར་འགོད་ཇུས་འགོད་ལས་ཁུངས་ཁག་ཅིག་གདམ་ནས་ལས་གཞིའི་སྙན་ཞུ་འབུལ་བར་ཆེད་ལས་ཀྱི་སྲིད་ཇུས་འགྲེལ་བཤད་དང་། སྙན་ཞུའི་མཛུབ་སྟོན། རིག་སྟོབས་ཀྱི་འདེགས་སྐྱོར་བཅས་མཁོ་འདོན་བྱ་དགོས། གོང་རིམ་ལ་སྙན་ཞུ་འབུལ་བ་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། མཛུབ་སྟོན་དང་རྒྱབ་སྐྱོར་སྔར་ལས་མང་པོ་བརྩོན་ལེན་བྱ་དགོས། ལས་གཞིའི་སྔོན་འགྲོའི་གཙོ་གནད་བྱ་བའི་འགན་སྲུང་ཤུགས་ཆེར་བཏང་སྟེ། ལས་གཞི་ལག་བསྟར་བྱ་བའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན། ། 

热门新闻

热门图库

热门排行