གནད་བསྡུས། 详情

《ཞི་ཅིན་ཕིང་གི་རིག་གནས་བརྩམས་ཆོས་གཅེས་བཏུས》པོད་དང་པོ་དང་གཉིས་པར་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་འཚོགས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《ཞི་ཅིན་ཕིང་གི་རིག་གནས་བརྩམས་ཆོས་གཅེས་བཏུས》ཀྱི་པོད་དང་པོ་དང་གཉིས་པར་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་དེ་ཚེས9ཉིན་པེ་ཅིན་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གནང་བ་རེད།

གྲོས་ཚོགས་སུ་ཞུགས་མཁན་འཐུས་མི་རྣམས་ཀྱིས། 《ཞི་ཅིན་ཕིང་གི་རིག་གནས་བརྩམས་ཆོས་གཅེས་བཏུས》ཀྱི་པོད་དང་པོ་དང་གཉིས་པ་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་རིག་གནས་འཛུགས་སྐྱོང་ལ་མགོ་ཁྲིད་མཛད་པའི་ལོ་རྒྱུས་བརྒྱུད་རིམ་གསོན་ཉམས་དོད་པོ་བཀོད་ཡོད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་དགོངས་དོན་གཙོ་བོ་དང་ནང་དོན་གཙོ་བོ། བླང་བྱ་གཙོ་བོ་བཅས་མ་ལག་ཚང་བར་མངོན་པར་མཚོན་ཡོད་པས། ཞི་ཅིན་ཕིང་གི་རིག་གནས་བསམ་བློ་གཏིང་ཟབ་ངང་ལག་ལེན་བསྟར་རྒྱུར་དབང་གྲགས་ལྡན་པའི་སློབ་དེབ་མཁོ་འདོན་བྱས་ཡོད་པར་འདོད།

འཐུས་མི་ཚོས་བསྟན་དོན། 《ཞི་ཅིན་ཕིང་གི་རིག་གནས་བརྩམས་ཆོས་གཅེས་བཏུས》ལ་ཀློག་སྦྱོང་བྱེད་པའི་གནད་འགག་ནི “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཟབ་མོ་རྟོགས་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་པོར་སྲུང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱ་རྒྱུ་མ་ཟད། རང་རྟོགས་སྒོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སྦྱངས་ནས་ལག་བསྟར་ཡག་པོ་བྱས་ཏེ། དུས་རབས་གསར་པའི་རིག་གནས་ལས་འགན་སྔར་ལས་ལེགས་པོར་འཁུར་དགོས། ད་དུང་མུ་མཐུད་དུ་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་དུས་རབས་གསར་པའི་དྲིལ་སྒྲོག་བསམ་བློ་རིག་གནས་ལས་དོན་ལ་ཁྲིད་སྟོན་བྱེད་པའི་གཞི་འཛིན་སར་གོ་བ་ཟབ་མོ་ལེན་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པས་ཟུང་འབྲེལ་གཉིས་རྒྱུན་འཁྱོངས་བྱས་པ་དེས་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་རིགས་པའི་གཞུང་ལུགས་ཐད་གསར་གཏོད་རང་བཞིན་གྱི་བྱས་རྗེས་བཞག་པ་རྟོགས་དགོས་ཤིང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པས་རིག་གནས་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུའི་འཐབ་ཇུས་འཆར་འགོད་མཛད་པ་ཤེས་དགོས་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་རྨང་གཞི་བརྟན་པོ་དང་བརྩེ་སེམས་རྒྱ་ཆེན་པོ་ལྡན་པ་ཁོང་དུ་ཆུད་དགོས་ལ། དེའི་ནང་འདུས་པའི་བསམ་གཞིག་བྱེད་ཐབས་དང་ལས་ཀ་བྱེད་སྟངས་ངེས་པར་དུ་ཤེས་པར་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་རིག་གནས་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་ངང་བསྐྲུན་པའི་བྱ་སྤྱོད་དངོས་སུ་བསྒྱུར་དགོས།

བཞུགས་མོལ་ཚོགས་འདུ་འདི་ནི་ཀྲུང་དབྱང་དྲིལ་སྒྲོག་པུས་གཉེར་བ་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་དང་ཀྲུང་དབྱང་དྲིལ་སྒྲོག་རིག་གནས་ལས་ཁུངས་སོ་སོ། ཞིང་ཆེན་སོ་སོ་དང་རང་སྐྱོང་ལྗོངས་སོ་སོ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་ཏང་ཨུའི་དྲིལ་སྒྲོག་པུའུ། སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་ཆེད་མཁས་པ་སོགས་ཞུགས་ཡོད། །

热门新闻

热门图库

热门排行