སྐད་གཉིས་སྨྲ་བ་ཨོ་རྒྱན་གྱིས་བསྒྱུར་བའི་སྙན་ངག《རླུང་གི་ཕོ་ཉ》པར་སྐྲུན་བྱས།
དེ་ཡང་དུས་རབས་བཞི་པའམ་ལྔ་པའི་ནང་ལ་རྒྱ་གར་གྱི་སྙན་ངན་སྨྲ་བ་ཀུན་གྱི་གཙུག་རྒྱན་སློབ་དཔོན་ནག་མོའི་ཁོལ་གྱིས་སྙན་ངག་སྤྲིན་གྱི་ཕོ་ཉ་བརྩམས། དེ་ནི་ཤུགས་དྲག་པའི་ཡིད་ཀྱི་བརྩེ་གདུང་དང་། ཕུན་སུམ་ཚོགས་པའི་སེམས་ཀྱི་འགྱུར་བ། ངོ་མཚར་བའི་རྟོག་པ་འཆར་ཡན། རྨད་དུ་བྱུང་བའི་རྒྱན་གྱི་སྦྱོར་བ། དོ་མཉམ་པའི་ཚིག་གི་སྡེབ་སྦྱོར་སོགས་གང་ཐད་ནས་འགྲན་པའི་ཟླ་དང་བྲལ་ཞིང་ཀུན་གྱི་ཡིད་དབང་ཅིག་ཅར་དུ་ཕྲོགས་པས། ཕྱིས་ཀྱི་མཁས་པ་མང་པོས་དེ་ལ་ལད་མོ་བྱས་ནས་རླུང་གི་ཕོ་ཉ་དང་། ནེ་ཙོའི་ཕོ་ཉ། སྦྲང་མའི་ཕོ་ཉ། ངང་བའི་ཕོ་ཉ། ཟླ་བའི་ཕོ་ཉ། ཁུ་བྱུག་ཕོ་ཉ། རྨ་བྱའི་ཕོ་ཉ་སོགས་མང་དུ་བརྩམས་ཏེ། ཕོ་ཉའི་ལུགས་ཀྱི་རྩོམ་ལུགས་ཤིག་ཆགས་པ་རེད།

དེ་དག་ལས་རླུང་གི་ཕོ་ཉ་སྟེ་རྒྱ་གར་སྐད་དུ་པཝནདཱུཏ་ཞེས་བྱ་བ་འདི་ནི་སློབ་དཔོན་ནག་མོའི་ཁོལ་གྱི་སྤྲིན་གྱི་ཕོ་ཉར་ལད་མོ་བྱས་ནས་བརྩམས་པའི་ཕོ་ཉའི་ལུགས་ཀྱི་སྙན་ངག་ཀུན་ལས་སྔ་ཤོས་སུ་སྣང་། འདིའི་རྩོམ་པ་པོ་ནི་སྙན་ངག་སྨྲ་བའི་དབང་བོ་སློབ་དཔོན་དྷོ་ཡཱི་ཞེས་པ་དེ་ཡིན། ཁོང་ལ་མཚན་འབོད་སྟངས་མི་འདྲ་བ་དཔེར་ན་དྷོཡཱི་དང་། དྷོཡཱིན྄། དྷཱུཡཱི། དྷོཨཱི། དྷོཡཱིཀ་སོགས་མང་པོ་ཡོད་ལ། ཁོང་ནི་དུས་རབས་བཅུ་གཉིས་པའི་དུས་མཇུག་ཙམ་ལ་བྷང་ག་ལའི་ཡུལ་གྱི་གཽ་ཌ་ས་ཁུལ་ལ་དབང་བསྒྱུར་བའི་སེ་ནའི་རྒྱལ་རྒྱུད་ཀྱི་རྒྱལ་པོ་ལ་ཀྵ་མ་ཎའི་ཕོ་བྲང་ན་རིན་ཆེན་ལྔ་ཞེས་གྲགས་པའི་མཁས་པ་ལྔ་ཡོད་པ་དེའི་གྲས་ཀྱི་གཅིག་རེད། མཁས་པ་གཞན་བཞི་ནི་སྙན་ངག་མཁན་པོ་བ་ལང་འཕེལ(གོཝརྡྷན)དང་། རྒྱལ་བའི་ལྷ(ཛཡདེཝ)དང་། ཨུམཱཔཏིདྷར་དང་། ཤརན་བཅས་ཡིན་ཞིང་། གཞན་ཡང་ཤྲུཏིདྷར་བསྣན་ནས་དྲུག་ཏུ་འདོད་པ་ཡང་མཆིས། སློབ་དཔོན་འདི་ལ་ལས་འཐག་མཁན་དང་ལ་ལས་སྨན་པའི་ཁྱིམ་དུ་སྐྱེས་བར་འདོད་པ་དང་། ཡང་ཁ་ཅིག་གིས་བྲམ་ཟེའི་རིགས་རེད་ཅེས་སྨྲ། སློབ་དཔོན་འདི་ལ་ཀབིརཛ་ཞེས་སྙན་ངག་སྨྲ་བའི་རྒྱལ་པོ་ཞེས་པའི་མཚན་སྙན་ཡང་འདུག ཡིན་ན་ཡང་ཁོང་ལ་ད་ལྟ་ང་ཚོས་མཐོང་ཐུབ་པའི་བརྩམས་ཆོས་ནི་རླུང་གི་ཕོ་ཉ་གཅིག་པུ་ལས་མི་འདུག

སྙན་ངག་འདིའི་བརྗོད་བྱ་ནི་རྒྱ་གར་བྱང་ཕྱོགས་ཀྱི་བྷང་ག་ལའི་ཡུལ་གྱི་རྒྱལ་པོ་ལ་ཀྵ་མ་ཎས་ལྷོ་ཕྱོགས་སུ་དམག་དྲངས་ནས་དཔའ་བའི་སྟོབས་ཀྱིས་ལྷོ་ཕྱོགས་ཡུལ་གྲུ་དབང་དུ་བསྡུས་ཤིང་རྣམ་པར་རྒྱལ་བའི་ཚུལ་དེ་རི་བོ་མ་ལ་ཡའི་སྟེང་དུ་ཆགས་པའི་དྲི་ཟའི་ཡུལ་གྱི་གཞོན་ནུ་མ་ས་ཡི་གདུ་བུའི་བདག་མོ་ཞེས་པས་མཐོང་ནས་རྒྱལ་པོར་སེམས་ཤོར་ཏེ་ཡིད་ཆགས་པ་དང་། དེ་ནས་རྒྱལ་པོ་ལ་ཀྵ་མ་ཎ་སླར་བྱང་ཕྱོགས་ཡུལ་དུ་མཆིས་པའི་རང་གི་ཁབ་ཏུ་ལོག་པས་མཛེས་མ་ས་ཡི་གདུ་བུའི་བདག་མོ་རྒྱལ་པོ་དང་བྲལ་བའི་སྡུག་བསྔལ་གྱིས་མ་བཟོད་པར་དྲན་གདུང་གིས་རབ་ཏུ་མནར། དེ་ནས་དཔྱིད་དུས་ཉེ་བར་སླེབས་པའི་དུས་ཤིག་ལ་ཁོང་མོས་ལྷོ་ཕྱོགས་རི་བོ་མ་ལ་ཡ་ནས་ལྡང་བའི་རླུང་ཞིག་བྱང་ཕྱོགས་གཽ་ཌའི་ཡུལ་གྱི་རྣམ་པར་རྒྱལ་བའི་གྲོང་ཁྱེར་གྱི་ཕོ་བྲང་དུ་བཞུགས་པའི་རྒྱལ་པོ་ལ་ཀྵ་མ་ཎའི་མདུན་དུ་ཕོ་ཉར་བཏང་ནས་རང་ཉིད་ཀྱིས་རྒྱལ་པོ་དྲན་པའི་ངང་ཚུལ་ཞུ་འཕྲིན་དུ་ཕུལ་བ་རེད། རླུང་གི་ཕོ་ཉ་འདིར་ཤོ་ལོ་ཀ104ཡོད་པ་དང་། དེ་ལས་ཤོ་ལོ་ཀ48ཀྱིས་ལྷོ་ཕྱོགས་ཙན་དན་གྱི་རི་བོ་མ་ལ་ཡ་ནས་བྷང་ག་ལའི་རྣམ་པར་རྒྱལ་བའི་གྲོང་ཁྱེར་གྱི་རྒྱལ་པོ་ལ་ཀྵ་མ་ཎའི་ཕོ་བྲང་བར་གྱི་བགྲོད་ལམ་གྱི་རིམ་པ་བསྟན་ཏེ་ཕོ་མོའི་བར་གྱི་བརྩེ་དུང་གིས་ཀུན་ནས་ཕྱུག་པའི་ཡུལ་ལྗོངས་ཀྱི་བཀོད་པ་མང་དུ་བྲིས་པ་དང་། དེ་ནས་ཤོ་ལོ་ཀ38ཀྱིས་རྒྱལ་པོའི་སྙན་དུ་འབུལ་བྱའི་ཞུ་འཕྲིན་གྱི་ནང་དོན་དངོས་ཏེ། གཞོན་ནུ་མ་ས་ཡི་གདུ་བུའི་བདག་མོས་རྒྱལ་པོ་ཇི་ལྟར་དྲན་པའི་ཚུལ་བསྟན་ཡོད། དེ་ལྟར་ལྷན་འདུས་ཀྱི་དགའ་བ་མཚོན་པའི་སྒེག་པའི་ཉམས་དང་སོ་སོར་བྲལ་ནས་ཡིད་ཀྱི་དྲན་གདུང་མཚོན་པའི་སྒེག་པའི་ཉམས་གཉིས་བླ་ལྷག་ཏུ་མཚོན་ནས། དྲི་ཟའི་ན་ཆུང་མ་དང་རྒྱལ་པོ་གཉིས་སོ་སོར་བྲལ་ཏེ་དྲན་གདུང་གིས་མནར་བའི་ཡ་ང་བའི་རྣམ་པ་དེ་གསལ་བར་བསྟན་ཡོད། མཇུག་མཐར་ཁོང་མོས་ཕོ་ཉ་བ་རླུང་ལ་རང་ཉིད་རྒྱལ་པོ་དྲན་པའི་སྡུག་བསྔལ་གྱིས་རབ་ཏུ་མནར་ཏེ་སྲོག་གི་དབང་བོ་འགག་ལ་ཉེ་བས་རང་གི་སྲོག་དབང་སྲུང་བའི་ཐབས་གཅིག་པུ་ནི་རྒྱལ་པོ་དང་གཉེན་སྒྲིག་བྱ་རྒྱུ་དེ་ཡིན་ནོ་ཞེས་བརྗོད་པ་ནི་འདི་ལྟ་སྟེ།
ཁོ་མོའི་འཇམ་མཉེན་ཡན་ལག་དག་ནི་ནང་གི་ཚ་བའི་འདོད་པའི་མེ་ཡིས་རབ་བསྲེགས་པས།།
ཡངས་པའི་བྲང་གི་ངོས་སུ་བྱུགས་པའི་ཙན་དན་བསིལ་བའི་ལྡེ་གུ་སྐད་ཅིག་ཡུན་ལ་བསྐམས།།
པད་མའི་མིག་ཅན་གཞོན་ནུ་མ་འདི་ཅི་བྱའི་གཏོལ་བྲལ་ད་ནི་མང་དུ་སྨྲ་ཅི་དགོས།།
ཁྱོད་དང་མཛའ་བའི་གཉེན་དུ་བསྡེབས་པ་ཁོ་ནས་ད་གཟོད་འདི་ཡི་སྲོག་དབང་བསྲུང་བར་ནུས།།
རྩོམ་པ་པོ་དྷོ་ཡཱི་ནི་གཽ་ཌའི་ཡུལ་གྱི་རྒྱལ་པོ་ལ་ཀྵ་མ་ཎའི་ཕོ་བྲང་གི་སྙན་ངག་པ་ཡིན་ལ། སྙན་ངག་རླུང་གི་ཕོ་ཉའི་ནང་གི་དྲི་ཟའི་བུ་མོ་ས་ཡི་གདུ་བུའི་བདག་མོས་ཉིན་མཚན་ཀུན་ཏུ་དྲན་ནས་མ་བཟོད་པར་མ་ལ་ཡ་ཡི་ཙན་དན་ནགས་ལས་ལྡང་བའི་རླུང་གང་དུ་ཕོ་ཉར་མངག་སའི་ཡུལ་དེ་ཡང་རྒྱལ་པོ་ལ་ཀྵ་མ་ཎ་ཡིན་པས། དྷོ་ཡཱི་ཡིས་སྙན་ངག་འདི་བརྩམས་པ་ནི་རང་ཉིད་ཀྱི་ཕུལ་དུ་ཕྱིན་པའི་སྙན་ངག་གི་རྩལ་མངོན་པ་ཡང་ཡིན་ལ་རང་ཉིད་ཀྱི་བདག་པོ་ཆེན་པོ་རྒྱལ་པོ་མཆོག་ལ་བསྟོད་བསྔགས་བྱས་པ་ཡང་ཡིན་ནོ་ཞེས་སྨྲའོ།།
སྙན་ངག་རླུང་གི་ཕོ་ཉ་འདི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ལེགས་སྦྱར་སྨྲ་བའི་དབང་བོ་སྐུ་ཞབས་ཧོང་པའོ་ཧྲེང(黄宝生)མཆོག་གིས་ཨོ་ནེན་སི་(I.Onians)དང་ཝ་སུ་དེ་ཝ་(S.Vasudeva)གཉིས་ཀྱིས་རྩོམ་སྒྲིག་དང་དག་བཅོས་བྱས་པའི་ལེགས་སྦྱར་དང་དབྱིན་ཡིག་གི་འགྱུར་ཕྱོགས་བསྡུས་ཀྱི་དེབ་(Messenger Poems, New York University Press, 2006)དེ་གཞིར་བཟུང་ནས་2022ལོར་རྒྱ་ཡིག་ཏུ་བསྒྱུར་བ་དང་། 2023ལོའི་ཟླ7པར་ཀྲུང་ཞི་ཧྲུའུ་ཅུས་ཞེས་པའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། བདག་གིས་པར་གཞི་འདི་གཞིར་བཟུང་ནས་སྤྱི་ལོ2024ལོའི་སྤྱི་ཟླ6པར་བོད་ཡིག་ཏུ་བསྒྱུར་བ་དང་། དེ་ནས་སྔ་རྗེས་སུ་ཞུས་དག་ཐེངས་འགའ་བཏང་བ་ཡིན་ནོ་ཞེས་བོད་ཡིག་ཏུ་སྒྱུར་པ་པོ་ཨོ་རྒྱན་ནས་གུས་པས་སྦྱར་བའོ།། བཀྲ་ཤིས།། ཞལ་བྲོ།།