སྟོང་ཝ་དུང་ཕྱུར10ལས་བརྒལ་བའི་འོད་ནུས་གློག་འདོན་ས་ཚིགས་ཀྱི་ལོ་རེའི་གློག་གཏོང་ཚད་ཚད་གཞི་གསར་པ་ཞིག་ཏུ་སླེབས་པ།
རང་ཚགས་པར་གྱི་འཕྲིན། ཟླ10པའི་ཚེས8ཉིན་གསར་འགོད་པས་རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་མཚོ་སྔོན་གུང་ཧོ་ཡན་ལག་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ10པའི་ཚེས7ཉིན་རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་མཚོ་སྔོན་གུང་ཧོ་ཡན་ལག་ཀུང་ཟིའི་ཆི་ཧུའེ་འོད་ནུས་གློག་འདོན་ས་ཚིགས་ཀྱིས་ད་ལོར་རིམ་རྩིས་བྱས་ན་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར10ལས་བརྒལ་བ་དང་སྟོང་ཝ་ཆུ་ཚོད་དུང་ཕྱུར10.09ལ་སླེབས་ནས་ས་ཁོངས་ཀྱི་གློག་ཤུགས་བདེ་འཇགས་དང་བརྟན་པོའི་མཁོ་འདོན་བྱ་རྒྱུར་འགན་ལེན་བྱས།
ད་ལོའི་ཚུན་དུ་ཆུ་ཧུའེ་འོད་ནུས་གློག་འདོན་ས་ཚིགས་ཀྱིས་ལོ་རེའི་གློག་འདོན་ཚད་ཀྱི་དམིགས་འབེན་གཏན་འཁེལ་བྱས་ནས་གློག་འདོན་ཚད་བརྟན་པོའི་ངང་འཕར་འགྲེམ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ཚད་ལྡན་ཅན་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་རྒྱུན་རྣམ་ཅན་གྱི་རྩ་འཛུགས་ཀྱི་བདེ་འཇགས་ཆེད་དོན་བཅོས་སྐྱོང་བྱས་ཏེ། བྱུར་རྐྱེན་གྲལ་བཤེར་བཅོས་སྐྱོང་གི་རྩིས་ཁྲ་ཚད་ལྡན་ངང་བཟོས་ནས་ཤེས་རྟོགས་དང་བཅོས་སྐྱོང་། བསྐྱར་ཞིབ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ལག་བསྟར་བྱས་ཏེ། བྱུར་རྐྱེན་བཅོས་སྐྱོང་བྱ་བ་གནད་ལ་འཁེལ་བའི་སྒོ་ནས་འགན་ལེན་བྱས་ཤིང་།མུ་མཐུད་དུ་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་དང་དོ་དམ་ལ་ཤུགས་བསྣན་ཏེ། སྦགས་བཙོག་དངོས་པོ་ཕྱིར་གཏོང་བའི་ཚད་གཞི་བརྟན་པོར་བཏང་ཞིང་། ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཆས་འཁོར་སྐྱོད་ནུས་པ་ལེགས་བཅོས་བྱས་ནས། མིག་སྔའི་དུས་ཚིགས་ཀྱི་གནམ་གཤིས་ཁྱད་ཆོས་དང་ཉིན་བརྒྱའི་མཁོ་སྤྲོད་འགན་ལེན་གྱི་བླང་བྱ་དང་ཟུང་འབྲེལ་སྒོས། གནམ་གཤིས་མི་ལེགས་པ་དང་སྒྲིག་ཆས་ལ་སྐྱོན་ཤོར་བ་སོགས་ཆེད་དོན་འཕྲལ་བསྟུན་ཇུས་གཞི་བཟོ་བཅོས་འཐུས་ཚང་དུ་བཏང་ཡོད་པ་དང་། འཕྲལ་བསྟུན་འཁྲབ་སྦྱོང་བྱ་འགུལ་དངོས་སུ་སྤེལ་ནས། མི་ཚང་མས་བདེ་འཇགས་གླེང་བ་དང་བྱ་བ་ཡོད་ཚད་ཀྱིས་ཁོར་ཡུག་སྲུང་སྐྱོང་གཙིགས་སུ་འཛིན་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་ཡོད། དུས་མཚུངས་སུ་འཁོར་སྐྱོད་ཞིག་གསོའི་གབ་ཤུགས་སྔོག་འདོན་གང་ལེགས་བྱས་ནས། མཁོ་སྤྲོད་དང་དམིགས་ཚད་འགན་ལེན་བྱེད་པའི་ལས་འགན་ལ་དམིགས་ཏེ། གློག་འདོན་གྱི་གོ་སྐབས་ཡོད་ཚད་དམ་འཛིན་བྱས་ནས་ཐོན་སྐྱེད་བརྟན་བརླིང་དང་མཁོ་སྤྲོད་འགན་ལེན་གྱི་བྱེད་ཐབས་སོ་སོ་གནད་འཁེལ་གྱིས་ལག་བསྟར་བྱས་ཡོད། མཚན་མོ་དང་གནམ་རུབ་པའི་དུས་སོགས་ཐེག་ཚད་དམའ་བའི་དུས་ཚོད་བེད་སྤྱོད་གང་ལེགས་བྱས་ཏེ་ཕྱོགས་ཡོངས་ནས་བྱུར་རྐྱེན་ལ་གྲལ་བཤེར་ནན་མོ་བྱས་ནས། སྒྲིག་ཆས་བཀོལ་སྤྱོད་བྱེད་པའི་དུས་ཚོད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།