སློབ་གསོ་པུའུ་ཡིས2027ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི་སློབ་རའི་གདན་ཞུའི་ཟླ་བའི་བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ཆར་སློབ་གསོ་པུའུ་ནས་ཤེས་གསལ་ལྟར་ན། 2027ལོའི་མཐོ་སློབ་མཐར་ཕྱིན་སློབ་མ་བདེ་བླག་ངང་ལས་ཞུགས་ཐུབ་པ་དང་སྔ་མོ་ནས་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་ཆེད། “གསེར་ལྡན་སྟོན་དུས་མགོ་རྩོམ་པའི”སློབ་རའི་གདན་ཞུའི་ཟླ་བའི་བྱེད་སྒོ་རབ་དང་རིམ་པ་དེ2026ལོའི་ཟླ9པ་ནས་ཟླ11པའི་བར་གཅིག་བསྡུས་ངང་སྤེལ་བ་རེད།
གདན་ཞུའི་ཟླ་བའི་རིང་། ས་གནས་སོ་སོས་སློབ་རའི་གདན་ཞུའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། “ཁེ་ལས་ཁྲི་སློབ་རར་བསྐྱོད་པའི”འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། དམངས་གཉེར་ཁེ་ལས་དང་། ཁེ་ལས་འབྲིང་ཆུང་དང་ཆུང་གྲས་སློབ་རར་གདན་དྲངས་ནས་སྒྲོག་འགྲེལ་གདན་ཞུའི་ལས་དོན་སྤེལ་ཞིང་། “ཆུང་ཞིང་སྤུས་ལེགས་ཡིན་པ་དང་། ཆེད་ལས་ཡིན་ལ་ལེགས་པའི”སློབ་གླིང་དང་ཚན་ཁག་གི་ཆེད་དོན་གདན་ཞུའི་ལས་དོན་ཡག་པོ་སྤེལ་ཏེ། ས་ཁོངས་དང་ལས་རིགས་དབྱེ་ནས“སློབ་གྲྭ་སྟོང་དང་ཁེ་ལས་ཁྲི”དང“ལས་རིགས་ཁྲི་སྟོང”གི་དགོས་མཁོ་འབྲེལ་མཐུད་ལེགས་པོར་བསྒྲུབས། དེ་དང་ཆབས་ཅིག་ལས་ཞུགས་ཐོན་ཁུངས་ཞན་པའི་མཐོ་སློབ་ཀྱིས་ཁེ་ལས་ལ་འཚམས་འདྲི་བྱས་ནས་ལས་གནས་རྒྱ་སྐྱེད་གཏོང་བའི་ཇུས་གཞི་བཟོ་རྒྱུར་མཛུབ་ཁྲིད་བྱས་ཏེ། ཆེད་ལས་དང་སྤུས་ལེགས། ཁྱད་ལྡན། གསར་བ་བཅས་ཀྱི་ཁེ་ལས་དང་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་སོགས་ལ་ཁ་ཕྱོགས་ནས། ཁ་ཕྱོགས་གཏན་འཁེལ་གྱིས་ལས་གནས་རྒྱ་སྐྱེད་གཏོང་བ་དང་། མི་ཐབས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར་སོགས་གསར་དར་ཐོན་ལས་དང་འབྲེལ་མཐུད་བྱས་ཏེ། ལས་ཞུགས་ཀྱི་འགྲན་ལམ་གསར་པ་སྔོག་འདོན་བྱ་རྒྱུ་རེད།
དབུལ་སྒྲོལ་ཁྱིམ་ཚང་དང་། མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་། ལས་ཞུགས་མེད་པའི་ཁྱིམ་ཚང་དང་དེ་བཞིན་དབང་པོ་སྐྱོན་ཅན་སོགས་གཙོ་གནད་ཚོགས་སྤྱིའི་མཐར་ཕྱིན་སློབ་མར“མི་རེར་ཡིག་ཚགས་གཅིག”གི་རོགས་སྐྱོར་རྩིས་ཐོ་བཟོས་ནས། “གཅིག་ལ་གཅིག་གཏད”ཀྱི་ཆ་སྒྲིག་རོགས་སྐྱོར་དོན་འཁྱོལ་བྱེད་པ་དང་། སྔོན་ལ་ལས་གནས་འོས་སྦྱོར་དང་། སྔོན་ལ་མཛུབ་ཁྲིད་གསོ་སྦྱོང་། སྔོན་ལ་དངོས་སྦྱོང་བཀོད་སྒྲིག་བཅས་བྱས་ཏེ། རྩ་དོན་ཐོག་མི་རེར་ཉུང་མཐར་ཡང་ནུས་ལྡན་གྱི་ལས་གནས་གསུམ་འོས་སྦྱོར་བྱས། །