གནད་བསྡུས། 详情

རྒྱལ་སྟོན་གུང་གསེང་སྐབས་མཚོ་ལྷོ་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་གནས་བབ་སྤྱི་ཡོངས་ནས་གཏན་འཇགས་ཡིན་པ།

2026ལོའི་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་སུ་ཁུལ་ཡོངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་བཅས་ཀྱི་བདེ་འཇགས་འགོག་སྲུང་བྱ་བའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཤིང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ། འཕྲལ་བསྟུན་ལས་རེས་བཅས་ཀྱི་བྱ་བ་གཙོ་བོར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་དོ་དམ་ཚོད་འཛིན་ལ་དམ་པོར་དམིགས་ཏེ།ཕྱོགས་ཡོངས་ནས་བདེ་འཇགས་བྱུར་རྐྱེན་ལ་གྲལ་བཤེར་དང་བཅོས་སྐྱོང་བྱས་ནས། འཕྲལ་བསྟུན་ཐག་གཅོད་ཀྱི་གྲ་སྒྲིག་བྱ་བ་སོ་སོ་ལེགས་པོར་བསྒྲུབས་ཡོད་པས།  དུས་ཆེན་སྐབས་སུ་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་དང་། ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་དང་རང་བྱུང་གནོད་འཚེ་ཚབས་ཆེན་མ་བྱུང་བར། སྤྱི་ཚོགས་ཀྱི་རྣམ་པ་སྤྱི་ཡོངས་ནས་གཏན་འཇགས་རེད།

རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་སུ་ཁུལ་ཡོངས་ཀྱིས་བདེ་འཇགས་ཞིབ་བཤེར་གྱི་མི་ཐེངས1449མངགས་ཏེ། ཁེ་ལས1094ལ་ཞིབ་བཤེར་བྱས་ནས། ནུས་ཁུངས་གསར་པ་དང་བཟོ་ལས། ཉེན་ཡོད་རྫས་འགྱུར་དངོས་རྫས་གཉེར་སྐྱོང་། ཨར་ལས་འཛུགས་སྐྲུན། མི་ཚོགས་འདུ་འཛོམས་ཆེ་བའི་གནས། མེ་ཟོན་ལས་ཁུངས་སོགས་གཙོ་གནད་ཁྱབ་ཁོངས་སུ་རིམ་རྩིས་བྱས་ན་བདེ་འཇགས་བྱུར་རྐྱེན311གྲལ་བཤེར་བྱས་ཤིང་། དེའི་ཁྲོད་ཉེན་ཁའི་བྱུར་རྐྱེན260ལ་དུས་ཐོག་ཏུ་དག་ཐེར་བྱས་པ་དང་ཉེན་ཁའི་བྱུར་རྐྱེན51དུས་བཀག་ལྟར་དག་ཐེར་བྱེད་དུ་བཅུག་ནས། བདེ་འཇགས་ཀྱི་བྱུར་རྐྱེན་ཚབས་ཆེན་གཅིག་ཀྱང་བྱུང་མེད་པ་རེད། སྤྱི་བདེ་དང་འགྲིམ་འགྲུལ་སྡེ་ཁག་གི་བྱ་བའི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱས་ཏེ། གཙོ་གནད་ལམ་ཐིག་དང་ཡུལ་སྐོར་ལྗོངས་ཁུལ་མཐའ་འཁོར་གྱི་འགྲོ་ལམ་སྐོར་བསྐྱོད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བྱས་ཡོད། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་སུ། རང་ཁུལ་དུ་ཡོང་བའི་རླངས་འཁོར་ཁྲི16.5ཡོད་པ་དང་། འགྲུལ་སྐྱེལ་རླངས་འཁོར1012བཀོད་སྒྲིག་བྱས་ནས་འགྲུལ་སྐྱེལ་ཐེངས་གྲངས1786ལ་སླེབས་ཡོད་ལ། འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་ཁྲི2.9ལ་སླེབས་ནས་འགྲུལ་སྐྱེལ་ལ་འགན་ལེན་ནུས་ལྡན་བྱས་ཡོད།

ཁུལ་ཡོངས་ཀྱི་སྤྱི་བདེ་སྡེ་ཁག་གིས་ཉེན་རྟོག་ཐད་ཀྱི་གནས་ཚུལ་གསར་པ་བསྡོམས་པས387སྣེ་ལེན་བྱས་ཤིང་། དེས་འགྲིམ་འགྲུལ་དོན་རྐྱེན་གྱིས་བརྒྱ་ཆའི46.8ཟིན་པ་དང་། ཚང་མ་འགྲིམ་འགྲུལ་དོན་རྐྱེན་ཆུང་ངུ་ཡིན་པས་མི་སྣར་ཤི་རྨས་ཐེབས་མེད།

ཁུལ་ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་སོ་སོས་རིམ་རྩིས་བྱས་ན་ཡུལ་སྐོར་པ་མི་ཐེངས་ཁྲི54.7ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི7586.4མངོན་འགྱུར་བྱུང་ཡོད། རིག་གནས་ཡུལ་སྐོར་ལུས་རྩལ་བྱེད་སྒོ་སྣ་ཚོགས་ཐེངས21སྤེལ་བས། ཡུལ་སྐོར་བདེ་འཇགས་ཐད་ལས་འཛོལ་བྱུང་མེད་ལ། ཡུལ་སྐོར་ཞུ་གཏུག་ཚབས་ཆེན་འབྱོར་མེད་པ་དང་ལྡོག་ཕྱོགས་ཀྱི་གླེང་ཕྱོགས་ཚབས་ཆེན་ཡང་བྱུང་མེད། 


热门新闻

热门图库

热门排行