ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་ནས་ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།
གྲོས་ཚོགས་སྟེང་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ10པའི་ཚེས26ཉིན་ནས་ཚེས29ཉིན་བར་པེ་ཅིང་དུ་འཚོག་རྒྱུ་གཏན་འཁེལ་བྱས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས《ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་》གྱི་མ་ཟིན་ལ་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཐེངས་འདིའི་གྲོས་ཚོགས་སྟེང་གྲོས་བསྡུར་བྱས་པའི་བསམ་འཆར་ལྟར་བཟོ་བཅོས་བརྒྱབ་རྗེས་ཡིག་ཆའི་མ་ཟིན་དེ་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་ཐག་བཅད།
གྲོས་ཚོགས་ལས་བསྟན་དོན། ཐེངས་འདིའི་བསམ་འཆར་བསྡུ་ལེན་བྱེད་པར་དམངས་གཙོ་དར་སྤེལ་དང་མང་གྲོས་བློ་བསྡུ་བྱས་ཏེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཕྱོགས་ཡོངས་ནས་ཆོད་དོན་གྱི་མ་ཟིན་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཆོད་དོན་གྱི་མ་ཟིན་དངོས་ཐོག་བདེན་འཚོལ་ཡིན་པ་དང་། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་ཤིང་། ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་གི་རིང་ཏང་འཛུགས་སྐྱོང་བྱེད་པར་འཕྲད་པའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བར་འཐབ་ཇུས་བཀོད་སྒྲིག་བྱས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཏང་སྟོབས་ལྡན་དང་རྒྱལ་ཁབ་སྟོབས་ལྡན་གྱི་ལོ་རྒྱུས་ཀྱི་རང་འགུལ་མཚོན་ཡོད་ལ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་དང་ཡུན་རིང་གི་མཛུབ་ཁྲིད་དོན་སྙིང་གལ་ཆེན་ལྡན་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བར་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས། ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་ཡོང་བར་དམིགས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་སྒོས་ཏང་གི་སྒྲིག་ཡིག་རྩ་བར་བཟུང་ནས། ཏང་གི་གདོང་ལེན་རུ་ཁག་གི་ངོ་བོ་རྒྱུན་འཁྱོངས་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཡུན་རིང་སྲིད་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས། རྩ་བའི་གཞི་གདངས་ནན་མོ་གཡོ་འགུལ་མི་ཡོང་བ་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་མ་ལག་འཐུས་ཚང་དུ་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ་ཏང་གི་ཕྱོགས་སོ་སོའི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས་བྱ་དགོས། ཏང་གི་རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་འདེགས་བཅས་ཟམ་མི་ཆད་པར་མངོན་འགྱུར་བྱེད་པ་དང་། ཏང་གི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་དུ་བསྐྱོད་པ་དང་། མི་དམངས་ཀྱིས་གོང་བཀུར་ཞུ་བ། དཀའ་ངལ་སྣ་ཚོགས་ཀྱི་ཉམས་སད་ཐེག་ཐུབ་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ཏུ་འགྱུར་བ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བར་བྱ་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་ཡོངས་ཀྱིས་ངེས་པར་དུ་ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བར་སྐུལ་འདེད་གཏོང་བའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱ་དགོས་ལ། ཡིད་ཆེས་བརྟན་པོ་དང་གཏན་ཤུགས་སྲུང་འཛིན་སྒོས། ཚད་གཞི་སྔར་བས་མཐོ་བ་དང་བྱེད་ཐབས་སྔར་བས་ཏན་ཏིག་གིས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཉམས་མྱོང་རྩ་ཆེན་རྒྱུན་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ། ཏང་འཛུགས་སྐྱོང་ཐད་འཕྲད་པའི་གནད་དོན་མངོན་གསལ་བཅོས་སྒྲིག་ཡག་པོ་དང་ཐག་གཅོད་ཡག་པོ་བྱེད་དགོས། ཏང་དོ་དམ་དང་ཏང་ནན་སྐྱོང་ལས་བྱུང་བའི་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་བཏང་ནས། དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
གྲོས་ཚོགས་ལས་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས། །