2026ལོའི་མཚོ་ལྷོ་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་འགྲེམ་སྟོན་བྱ་འགུལ་དེ་ཆབ་ཆ་རུ་སྤེལ།
ཟླ9པའི་ཚེས18ཉིན། 2026ལོའི་མཚོ་ལྷོ་ཁུལ་གྱི་ཡུལ་སྐོར་ལ་བརྟེན་ནས་འབྲེལ་འདྲིས་གསུམ་ལ་སྐུལ་འདེད་གཏོང་བའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་སྤེལ་རེས་འགྲེམ་སྟོན་བྱ་འགུལ་དེ་མཚོ་ལྷོ་ཁུལ་དུ་སྤེལ་ཞིང་། མི་རིགས་སོ་སོའི་མང་ཚོགས་ལྷན་དུ་འཛོམས་ནས་རིག་གནས་སྦྲེལ་ཐག་ཏུ་བཟུང་སྟེ། འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་མཉམ་དུ་སྐུལ་འདེད་བཏང་།
བྱ་འགུལ་གྱི་ཡུལ་དངོས་སུ། བཀྲ་ཤིས་པའི་སྒྲ་སྙན་རྡུང་ལེན་དང་བརྩེ་བའི་མཚོ་མོ་ཞེས་པའི་པི་ཝང་གི་དབྱངས་རྟ། དཔྱིད་ཀ་བསུ་བའི་མེ་ཏོག་ཞེས་པའི་རི་གླུ པི་ཝང་རྟ་མགོ་མའི་རྐྱང་ལེན་བཅས་ཀྱི་དབྱངས་རྟས་ཡིད་དབང་འཕྲོག་པར་བྱེད་ལ། མཚོ་ལྷོའི་དམངས་གླུ་དང་ཡུས་ཧྲུའུ་ཡི་དམངས་གླུ་སོ་སོར་ཁྱད་ཆོས་ཀྱིས་ཕྱུག་ཅིང་། བརྗིད་ཉམས་ལྡན་པའི་ཀྲུང་གོའི་མཁར་རྔའི་རྡུང་སྒྲས་ལྟད་མོ་བ་རྣམས་ཀྱི་སྤྲོ་སེམས་འཁོལ་བར་བྱས། དུས་མཚུངས་སུ་མཚོ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་བྱ་འགུལ་སྤེལ་ཏེ། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མགྲོན་པོ་རྣམས་གནས་མཆོག་མཚོ་ལྷོ་ཕེབས་པར་གདན་འདྲེན་ཞུས།
གླུ་བ་ཨོ་རིན་གུ་ལུ་ཡིས་བཤད་རྒྱུར། ངས་བླངས་པའི་གླུ་གཞས་ལ་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ་པ་དང་། གླུ་གཞས་ནི་ལོ་ཙཱ་བྱེད་མི་དགོས་པར་དབྱངས་རྟར་བརྒྱུད་ནས་མི་རིགས་རིག་གནས་རྒྱུས་ལོན་བྱེད་ཐུབ་པའི་རིག་གནས་ཤིག་ཡིན་ལ། རྗེས་ཕྱོགས་མཚོ་ལྷོའི་མི་དམངས་མཚོ་ནུབ་ལ་འབྲེལ་འདྲིས་བྱེད་དུ་ཡོང་བའི་གོ་སྐབས་ཡོད་ན་ངས་ཀྱང་ཚང་མར་གླུ་གཞས་ལེན་རྒྱུ་ཡིན་ཟེར།
ས་ཁོངས་བརྒལ་བའི་འབྲེལ་འདྲིས་འདི་ནི་ཡུལ་སྐོར་ལ་བརྟེན་ནས་འབྲེལ་འདྲིས་གསུམ་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་མཚོན་རྟགས་ཤིག་ཡིན་ལ། གཟུགས་འདས་རིག་གནས་ཐོན་རྫས་ཀྱི་འགྲེམ་སྟོན་རེ་རེ་དང་ཕུལ་དུ་བྱུང་བའི་ལག་རྩལ་ལས་ལྟད་མོ་བ་རྣམས་ལ་སྲོལ་རྒྱུན་རིག་གནས་ཀྱི་མཚར་ཉམས་མྱོང་རོལ་བྱེད་དུ་བཅུག་པ་རེད།
མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་ཆོས་གྲགས་རྡོ་རྗེ་ཡིས་བཤད་རྒྱུར། དེ་རིང་བྱ་འགུལ་འདིའི་ནང་ཞུགས་ནས་རིག་རྩལ་འཁྲབ་སྟོན་སྣ་ཚོགས་དང་གཟུགས་འདས་རིག་གནས་ཐོན་རྫས་འགྲེམ་སྟོན་ལ་བལྟས་རྗེས་ང་རང་ཧ་ལས་སུ་བཅུག་པ་དང་། སྲོལ་རྒྱུན་རིག་གནས་ལ་ཐད་ཀར་ཉམས་ལེན་བྱེད་ཐུབ་པ་ལས་ང་ལ་སྤོབས་པ་བསྩལ་བས། རྗེས་ཕྱོགས་ངས་ཀྱང་རིག་གནས་འདི་དག་ལ་སློབ་སྦྱོང་དང་རྒྱུན་འཛིན་གང་ལེགས་བྱེད་པར་འབད་པ་བྱ་རྒྱུ་ཡིན་ཟེར།
ཐེངས་འདིའི་བྱ་འགུལ་ལས་རིག་གནས་ཡུལ་སྐོར་འོས་སྦྱོར་དང་གཟུགས་འདས་རིག་གནས་རྒྱུན་འཛིན། རིག་གནས་སྒྱུ་རྩལ་འགྲེམ་སྟོན་བཅས་གཏིང་ཟབ་ཀྱིས་མཉམ་འདྲེས་བྱས་ཏེ། མཚོ་ལྷོའི་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་མཐོ་སྒང་རིག་གནས་ཀྱི་མཚར་ཉམས་མངོན་པར་གར་སྟེགས་བཟང་པོ་བསྐྲུན་རྒྱུ་རེད།