སྲིད་དོན། 详情

རང་ཁུལ་གྱིས་དུས་ཆེན་གཉིས་སྔོན་གྱི་བདེ་འཇགས་ཉེན་ཟོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་བསྡུས་པ།

ཟླ9པའི་ཚེས20ཉིན། རང་ཁུལ་གྱིས་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་། བརྒྱད་པའི་བཅོ་ལྔ་དང་རྒྱལ་སྟོན་དུས་ཆེན་སྔོན་གྱི་བདེ་འཇགས་ཉེན་ཟོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་བཅས་སློབ་སྦྱོང་ལག་བསྟར་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་བྱ་བའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། མིག་སྔའི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ལ་དབྱེ་ཞིབ་དང་མངོན་གསལ་དོད་པའི་གནད་དོན་དང་ཞན་ཆ་འཚོལ་ཞིབ་བྱས་ནས། དུས་རིམ་རྗེས་མའི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུ་ལས་ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་གྱི་སྤྱིའི་གནས་བབ་བརྟན་པོ་ཡིན་མོད། འོན་ཀྱང་མི་མངོན་པའི་རྐྱེན་ངན་སྔར་བཞིན་ལེགས་བཅོས་བྱེད་ཐུབ་ཀྱི་མེད་པ་དང་ཁྱབ་ཁོངས་ཁག་ཅིག་གི་བདེ་འཇགས་ཀྱི་རྨང་གཞིར་སྔར་བཞིན་ཞན་ཆ་གནས་ལ། མིག་སྔར་བརྒྱད་པའི་བཅོ་ལྔ་དང་རྒྱལ་སྟོན་དུས་ཆེན་གཉིས་ལ་འཁེལ་ཡོད་པ་དང་དུས་ཚིགས་ཀྱི་འགྱུར་བར་འཕྲད་པས། མི་དང་རླངས་འཁོར། ཟོག་འདྲེན་བཅས་གཅིག་སྡུད་བྱེད་པ་དང་དེའི་རིགས་ཀྱི་ཉེན་ཁའང་སྔར་བཞིན་གནས་ལ། སྔོན་འགོག་ཚོད་འཛིན་གྱི་གནོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་འགྲོ་བཞིན་ཡོད་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་བདེ་འཇགས་ཀྱི་རྩ་བ་དམ་པོར་བཟུང་ནས་ལྷོད་གཡེང་གི་བསམ་བློ་འདོར་བ་དང་སྟེས་དབང་གི་བསམ་བློ་འདོར་བ། སུན་སྣང་གི་བསམ་བློ་འདོར་བ། འབུར་ཐོན་གནད་དོན་བཅས་ལ་ལེགས་བཅོས་བྱས་ཏེ། ལས་རིགས་དང་ཁྱབ་ཁོངས་ཀྱི་རྒྱུན་རྣམ་ཅན་གྱི་ཉེན་ཁར་དཔྱད་ཞིབ་དང་དུས་རིམ་རང་བཞིན་གྱི་ཕྱོགས་སྡོམ་དབྱེ་ཞིབ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཉེན་ཁ་སྣ་ཚོགས་ཀྱི་འགྱུར་ལྡོག་ལ་དབྱེ་ཞིབ་ཟབ་མོ་བྱས་ནས་མི་མངོན་པའི་རྐྱེན་ངན་དང་། འབུར་ཐོན་གྱི་གནད་དོན་སྔར་བས་རྩད་གཅོད་ལེགས་པོ་བྱས་ནས་དཔེ་མཚོན་ཉམས་མྱོང་དང་བྱ་ཐབས་ཕྱོགས་སྡོམ་བྱེད་དགོས། བཅོས་སྐྱོང་བྱ་བ་གཙོ་བོ་མུ་མཐུད་དུ་གཞི་རིམ་ལ་ཁ་ཕྱོགས་ཏེ། ཤང་དང་གྲོང་བརྡལ། སྡེ་བ་བཅས་ཀྱི་ལྟ་སྐུལ་དོ་དམ་གྱི་ཞན་ཆ་ཁ་གསབ་བྱེད་པ་དང་། གཞི་རིམ་གྱི་གནད་འཁེལ་འགན་སྒྲུབ་དང་། ཚན་རིག་དང་མཐུན་པའི་དོ་དམ། ཕན་ནུས་མཐོ་བའི་ཐག་གཅོད་བཅས་ཀྱི་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས། འགྲིམ་འགྲུལ་དང་བཟོ་ལས་ཚོང་དོན། ཨར་ལས་འཛུགས་སྐྲུན། སློབ་རའི་བདེ་འཇགས། མེ་ཟོན་དང་སོལ་རླངས། རིག་གནས་ཡུལ་སྐོར་གྱི་བྱ་འགུལ། མི་ཚོགས་འདུ་ས། ཆང་བཅུད་་ཀྱི་འབུད་རྫས་བཀོལ་སྤྱོད། མཁར་གྲོང་གི་དྲོད་འདོན། ས་གཤིས་གནོད་འཚེ། སྟོན་དགུན་དུས་ཚིགས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སོགས་ཀྱི་ཁྱབ་ཁོངས་གཙོ་བོར་དམ་པོར་དམིགས་ནས། ཕྱོགས་ཡོངས་དང་འཁོར་སྐྱོད་རྣམ་པ། གཏིང་ཟབ་རྣམ་པ་བཅས་ཀྱི་བྱུར་རྐྱེན་གྲལ་བཤེར་དང་དག་ཐེར་བསྐྱར་ཞིབ། གཙང་བཤེར་གཏན་འཁེལ་བྱས་ཏེ། བསྐྱར་ཞིབ་ལ་ལྟ་སྐུལ་བྱེད་པའི་གོ་རིམ་ཧྲིལ་པོའི་དོ་དམ་ལམ་སྲོལ་དོན་འཁྱོལ་ནན་མོ་བྱ་དགོས། ཚལ་རྔ་འགག་ཆུ་མཛོད་ཁུལ་གྱི་ཉེན་ཁའི་ཚད་ཐིག་དོ་དམ་དང་ཆེད་མིས་ལས་རེས་དང་སྐོར་ཞིབ་སོགས་ཀྱི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ནས། ཆུ་ཁོངས་ཀྱི་ཉ་འཛིན་ལས་གཉེར་བྱ་བ་ཚད་ལྡན་དུ་གཏོང་དགོས། སྡེ་ཁག་སོ་སོའི་མཉམ་འགུལ་དང་ཆ་འཕྲིན་མཉམ་སྤྱོད། མཉམ་འབྲེལ་ཁྲིམས་བསྟར་བཅས་ཀྱི་མ་ལག་འཐུས་ཚང་དུ་བཏང་སྟེ། ལྟ་སྐུལ་དོ་དམ་དང་འགན་འཁྲིའི་བར་གྱི་འབྲེལ་མཐུད་བྱ་བ་ལེགས་པོར་བསྒྲུབས་དགོས། བདེ་འཇགས་སློབ་གསོའི་དྲིལ་སྒྲོག་ལ་ཤུགས་སྣོན་བྱས་ནས། ཅན་བཅུའི་ཏང་འཛུགས་ཆེད་དོན་ཚན་ཆུང་དང་འོས་འགན་ཉེན་རྟོག་པ། དྲ་མིག་པ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱིས་མཉམ་འགོག་མཉམ་བཅོས་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཡོངས་མཉམ་ཞུགས་བྱེད་པའི་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོར་འཛུགས་དགོས། དུས་ཆེན་དང་གུང་གསེང་སྐབས་སུ་དུས་ཚོད་ཉེར་བཞིའི་རིང་ལས་རེས་བྱེད་པ་དང་། ཉེན་བརྡ་གཏོང་བ། གནས་ཚུལ་ཡར་ཞུ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་འཕྲལ་བསྟུན་དངོས་འཐབ་ནང་སྦྱོང་བྱས་ནས། སྟོན་དགུན་དུས་ཚིགས་ཀྱི་བདེ་འཇགས་ཉེན་འགོག་བྱ་བ་སྔོན་ལ་ལེགས་པོར་བསྒྲུབས་ཏེ། ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་མུ་མཐུད་དུ་བརྟན་པོ་ཡོང་བར་འགན་སྲུང་གང་ལེགས་བྱ་དགོས་ཞེས་ནན་གྱིས་བསྟན།

ཁུལ་གྱི་མགོ་ཁྲིད་ཁྲེ་ཞང་ཞན་དང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། རྫོང་སོ་སོའི་རྫོང་དཔོན་དང་ལས་བགོས་རྫོང་དཔོན་གཞོན་པ། ཁུལ་དང་རྫོང་གི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་དང་འབྲེལ་ཡོད་ཁེ་ལས་ཀྱི་འགན་ཁུར་མི་སྣ་བཅས་ཚོགས་འདུར་ཞུགས།


热门新闻

热门图库

热门排行