རྒྱལ་སྤྱི། 详情

ཞི་ཅིན་ཕིང་གིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱ་སྐྱེད་བྱུང་ཡོད།  གསར་གཏོད་བྱེད་ནུས་དང་འགྲན་རྩོད་ནུས་ཤུགས།  ཕྱོགས་བསྡུས་སྟོབས་ཤུགས་བཅས་ཆེ་རུ་མངོན་གསལ་ཕྱིན་པ་དང་།  བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་བཟོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཐབ་ལམ་གསར་པའི་སྟེང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་འཕྱུགས་པ་མེད་པར་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་མུ་མཐུད་སྟོབས་ཆེར་གཏོང་དགོས། ཐོན་ལས་མུ་ཕྲེང་རང་བརྟེན་ཚོད་འཛིན་ཐུབ་པའི་ཆུ་ཚད་མཐོ་རུ་གཏོང་དགོས། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་གྱུར་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་འཛུགས་པ་དང་། དངོས་ཕུང་་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས།

རྒྱལ་ཡོངས་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་ཆེན་ཟླ་9ཚེས་16ཉིན་ནས་ཚེས་17ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་།

ལི་ཆང་གིས་གསུང་བཤད་ནང་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་ནང་སྔོན་ཐོན་བཟོ་སྐྲུན་ལས་རིགས་གོང་དུ་སྤེལ་བའི་དོན་སྙིང་གལ་ཆེན་དང་། ཁ་ཕྱོགས་དང་ཐབས་ལམ། ལས་འགན་གཙོ་བོ་བཅས་རྒྱས་བཤད་གཏིང་ཟབ་གནང་བས། འཐབ་ཇུས་ཀྱི་རང་བཞིན་དང་། མཛུབ་སྟོན་གྱི་རང་བཞིན། དམིགས་གཏད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་ནན་མོ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་མུ་མཐུད་ཤུགས་རྒྱག་པ་དང་སྙིང་རུས་གཏན་འཁྱོངས་བྱ་དགོས། བློ་བརྟན་འགྱུར་མེད་ཀྱིས་བཟོ་སྐྲུན་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཕྱོགས་སུ་བསྐྱོད་དགོས།

ལི་ཆང་གིས་ནན་གྱིས་བསྟན་དོན། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་འཕེལ་ཕྱོགས་དང་བསྟུན་ནས་རབས་གསར་པའི་རིག་ནུས་བཟོ་སྐྲུན་གཙོ་རྒོལ་ཁ་ཕྱོགས་སུ་འཛིན་དགོས། འཕེལ་རྒྱས་ཀྱི་ཐབས་ཇུས་ཐད་དུ་གྲངས་རིག་ནུས་སྤྲོད་ལ་སྔར་བས་མཐོང་ཆེན་བྱེད་དགོས། ལག་རྩལ་ལམ་ཕྱོགས་ཐད་རྩེར་སོན་རང་བདག་ལ་སྔར་བས་མཐོང་ཆེན་དང་། ཐོན་སྐྱེད་བྱེད་སྟངས་ཐད་ལྗང་མདོག་ཐཱན་ཉུང་ལ་སྔར་བས་མཐོང་ཆེན་བྱེད་པ། ཡུལ་རྣམ་དང་ལས་རྣམ་ཐད་ལས་རིགས་ལས་བརྒལ་བའི་མཉམ་འདྲེས་ལ་དེ་བས་སྣང་ཆེན་བྱས་ཏེ། བཟོ་སྐྲུན་ལས་རིགས་རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

ལི་ཆང་གིས་བསྟན་དོན། གཙོ་གནད་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་ཇུས་འདོན་དང་གནད་འཁེལ་ཤུགས་འདོན་ལ་དམིགས་ནས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་གསར་གཏོད་ནུས་པ་དང་། འགྲན་རྩོད་ནུས་ཤུགས། ཕྱོགས་བསྡུས་དངོས་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཐོན་ལས་གསར་གཏོད་ཀྱི་སྒུལ་ཤུགས་བསྐྲུན་ནས་རྨང་གཞིའི་ཞིབ་འཇུག་གི་འདེགས་སྐྱོར་ཇེ་བརྟན་དུ་གཏོང་དགོས། གནད་འགག་གི་་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བཀོལ་སྤྱོད་གཏིང་ཟབ་བྱ་དགོས། གསར་དར་ཐོན་ལས་ཀྱི་གཞི་ཁྱོན་བཀོལ་སྤྱོད་ཇེ་མགྱོགས་སུ་གཏོང་བ་དང་། མ་འོངས་ཐོན་ལས་ཀྱི་མདུན་ལྗོངས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། སྲོལ་རྒྱུན་ཐོན་ལས་ཀྱི་རྣམ་པ་གསར་པ་དང་རིམ་པ་སྤར་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། “མི་ཐབས་རིག་ནུས་དང་བཟོ་སྐྲུན་”འགུལ་སྤྱོད་གཏིང་ཟབ་སྤེལ་ནས། ཁེ་ལས་ཀྱི་གྲངས་རིག་ཅན་དུ་བསྒྱུར་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་ནུས་མཉེན་ཆས་དང་མཁྲེགས་ཆས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞབས་ཞུ་ཅན་གྱི་བཟོ་སྐྲུན་གསར་གཏོད་དང་འཕེལ་རྒྱས་གཏོང་དགོས། ཡུལ་བབ་དང་བསྟུན་ནས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོགས་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། རིགས་དབྱེ་རིམ་དབྱེ་བྱས་ནས་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། བཅོས་བསྒྱུར་སྒོ་འབྱེད་རྒྱུན་མཐུད་ངང་ཟབ་སྤེལ་དང་། ཁེ་ལས་ཀྱི་གཙོ་ཤུགས་གོ་གནས་ལ་ཤུགས་སྣོན་པ་དང་། སྲིད་ཇུས་དང་རྒྱུ་རྐྱེན་གཙོ་བོ་མཁོ་སྤྲོད་ལ་ཤུགས་སྣོན་བཅས་བྱ་དགོས། འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཙུང་ལི་ལི་ཆང་གི་གསུང་བཤད་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བའི་དགོས་གཏུག་ཆེ་བའི་འདུ་ཤེས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས།

 


热门新闻

热门图库

热门排行