མཚོ་ལྷོ་ཁུལ་གྱིས་སྟོན་བསྡུའི་འབྲུ་རིགས་ཐོན་འབབ་ལ་གནད་འཁེལ་གྱིས་ཞིབ་བཤེར་བྱས་ཏེ་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་བཏིངས།
ད་ལོའི་སྟོན་བསྡུའི་འབྲུ་རིགས་ཀྱི་ཐོན་འབབ་དངོས་ལ་གནད་འཁེལ་གྱིས་རྒྱུས་ལོན་ཟབ་མོ་བྱས་ཏེ། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་པོར་གཏོང་ཆེད། ཟླ9ཚེས17ཉིན། མཚོ་ལྷོ་ཁུལ་ཞིང་ཕྱུགས་ཅུའུ་ཡིས་གུང་ཧོ་རྫོང་ཐང་སྐར་མ་གྲོང་བརྡལ་གྱི་ནས་ཀྱི་ཐོན་འབབ་ལེགས་པའི་དཔེ་སྟོན་ས་ཁུལ་དུ། འབྲུ་རིགས་ལོ་ཏོག་དངོས་སུ་བརྔ་བསྡུ་བྱེད་པ་དང་དངོས་སུ་ཚད་ལེན་བྱེད་པའི་བྱ་བ་སྤེལ་ནས། ཚན་རིག་དང་མཐུན་ཞིང་གཟབ་ནན་གྱི་ས་ཁོངས་དཔྱད་དཔོག་ལ་བརྟེན་ཏེ་ཐོན་འབབ་ལེགས་པའི་གྲུབ་འབྲས་ལ་ཞིབ་བཤེར་བྱས་ཏེ། མཐོ་སྒང་གི་ལོ་ལེགས་སྲུང་སྐྱོང་བྱས།
གུང་ཧོ་རྫོང་ཐང་སྐར་མ་གྲོང་བརྡལ་ཆུ་མཛོད་སྡེ་བའི་ནས་ཞིང་གི་སྐྱེ་ཚུལ་བཟང་ལ། ལྗིད་ཏིག་ཏིག་གི་ནས་ཀྱི་སྙེ་མ་ལས་ལོ་ལེགས་ཀྱི་རྣམ་པ་ལེགས་པོ་མངོན་པ་དང་། བརྔ་བསྡུ་འཕྲུལ་ཆས་ཀྱི་སྒྲ་དང་བསྟུན་ནས་ཞིང་པ་རྣམས་ཀྱིས་གནམ་གཤིས་ལེགས་པོའི་གོ་སྐབས་དམ་འཛིན་བྱས་ཏེ། སྟོན་བསྡུའི་ལས་ལ་བྲེལ་བཞིན་འདུག དུས་མཚུངས་སུ། མཚོ་ལྷོ་ཁུལ་ཞིང་ཕྱུགས་ཅུའུ་ཡི་ཆེད་ལས་ལག་རྩལ་མི་སྣ་ཆུ་མཛོད་སྡེ་བའི་ནས་ཀྱི་ཐོན་འབབ་ལེགས་པའི་དཔེ་སྟོན་ས་ཁུལ་དུ་སོང་ནས། འབྲུ་རིགས་ཐོན་འབབ་ལ་ལྟ་ཞིབ་བྱེད་པའི་ཚད་གཞི་ལྟར། འབྲུ་རིགས་ལོ་ཏོག་དངོས་སུ་བརྔ་བསྡུ་བྱེད་པ་དང་དངོས་སུ་ཚད་ལེན་བྱེད་པའི་བྱ་བ་སྤེལ་བ་དང་། ཡུལ་དངོས་སུ་ལས་བྱེད་མི་སྣ་དག་གིས་ལས་བགོས་མཉམ་ལས་དང་བརྒྱུད་རིམ་ཚད་ལྡན་བྱས་ཏེ། ཞིང་སར་ཚད་འཇལ་དང་ཡུལ་དངོས་སུ་སྟོན་བསྡུ་བ། མ་དཔེ་ལེན་པ། གཞི་གྲངས་ཟིན་ཐོར་འགོད་པ་སོགས་ཚད་ལྡན་ཅན་གྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ། ཞིང་སའི་ཐོན་སྐྱེད་ཀྱི་གཞི་གྲངས་གནད་ལ་འཁེལ་བའི་སྒོ་ནས་བསྡུ་ལེན་བྱས་ནས། ད་ལོའི་སྟོན་བསྡུའི་འབྲུ་རིགས་ཐོན་སྐྱེད་ཀྱི་གནས་ཚུལ་དངོས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཟབ་མོ་བྱས་ཏེ། ཁུལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ཀྱི་བསྡོམས་རྩིས་དང་སྟོན་བསྡུ་བྱ་བའི་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་བྱེད་པར་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་གཞི་གྲངས་མཁོ་འདོན་བྱས། རྒྱུས་ལོན་པ་ལྟར་ན། ཆུ་མཛོད་སྡེ་བའི་ཐེངས་འདིར་ཚད་ལེན་བྱས་པའི་ནས་ཀྱི་ཐོན་འབབ་ལེགས་པའི་དཔེ་སྟོན་ས་ཁུལ་གྱི་རྒྱ་ཁྱོན་མུའུ170ལྷག་ཙམ་ཟིན་པ་དང་། ཚན་རིག་དང་མཐུན་པའི་དོ་དམ་སྲུང་སྐྱོང་དང་ཚད་ལྡན་ཅན་གྱི་འདེབས་འཛུགས་བྱེད་སྟངས་ལ་བརྟེན་ནས། འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་འབབ་བརྟན་པོའི་ངང་ཇེ་མཐོར་སོང་སྟེ། མུའུ་རེའི་ཐོན་འབབ་ལ་ཐོལ་བརྒལ་གསར་པ་བྱུང་ཡོད།
གུང་ཧོ་རྫོང་ཐང་སྐར་མ་གྲོང་བརྡལ་ཆུ་མཛོད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རིན་ཆེན་འབུམ་གྱིས་བཤད་རྒྱུར། ང་ཚོའི་སྡེ་བ་ཁྱོན་ཡོངས་ནས་སྟོན་བསྡུའི་དུས་ལ་སླེབས་ཡོད་པ་དང་། ད་ལོར་སྡེ་བ་ཡོངས་ཀྱིས་ཞིང་ས་མུའུ10148ལ་ཞིང་ལས་ལོ་ཏོག་སྣ་ཚོགས་བཏབ་པ་དང་། མིག་སྔའི་བར་སྟོན་བསྡུའི་འཕེལ་རིམ40%ལ་སླེབས་ཡོད། ཞིབ་ཚགས་ཅན་གྱི་ཞིང་སའི་དོ་དམ་སྲུང་སྐྱོང་ལ་བརྟེན་ནས། ད་ལོའི་འབྲུ་རིགས་སྐྱེ་ཚུལ་དེ་ལོ་སྔོན་མ་ལས་བཟང་བ་དང་ཐོན་ཚད་བརྟན་པོའི་ངང་འཕར་ཏེ། ནས་ཀྱི་ཆ་སྙོམས་མུའུ་རེའི་ཐོན་ཚད་རྒྱ་མ800ལ་སླེབས་ཡོད་པ་རེད། ང་ཚོས་མུ་མཐུད་དུ་གནམ་གཤིས་ལེགས་པོའི་དུས་ཚོད་དམ་འཛིན་བྱས་ཏེ། སྟོན་བསྡུའི་བྱ་བར་སྐུལ་འདེད་བཏང་སྟེ། ཞིང་ལས་ལོ་ཏོག་བསྡུ་ལེན་བྱ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས། ལོ་ལེགས་དང་མང་ཚོགས་ཀྱི་འབབ་འཕར་ལ་འགན་སྲུང་བྱ་རྒྱུ་ཡིན་ཟེར།
མིག་སྔར། མཚོ་ལྷོ་ཁུལ་གྱི་ས་ཁུལ་སོ་སོས་སྟོན་བསྡུའི་བྱ་བ་གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་བྱེད་བཞིན་ཡོད་ལ། མུའུ་ཁྲི་ཡི་གཤིན་སར་འབྲུ་རིགས་ཀྱིས་གཏམས་ནས། དུད་ཁྱིམ་ཡོངས་ཀྱི་ཡོང་འབབ་བརྟན་པོར་འཕར་བ་དང་། གསེར་མདོག་གི་ནས་ཞིང་གིས་མཐོ་སྒང་གི་སྟོན་ཁའི་ཡུལ་ལྗོངས་མཛེས་པར་བྱས་པ་མ་ཟད། འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱས་ཏེ། མང་ཚོགས་ཀྱི་བདེ་སྣང་དང་ཐོབ་སྣང་ཆེ་རུ་བཏང་ཡོད།།