ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཚལ་རྔ་འགག་ཏུ་ཕབ་སྐྲུན་ལས་དོན་སྤེལ།
ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞིའི་འཛུགས་སྐྲུན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་ཆེད། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་འབྲེལ་མཐུད་བྱས་ཏེ། ལེའུ་ལྔ་ཅན་གྱི་དངོས་བཤུས་གློག་བརྙན་ཏེ་རང་བྱུང་ཀྲུང་གོ མཚོ་སྔོན་གྱི་ལེའུ་ཞེས་པ་ཞིབ་ཚགས་ཀྱིས་ཕབ་སྐྲུན་བྱེད་པར་འཆར་འགོད་བྱས་ཤིང་།ཕབ་བསྐྲུན་ཚན་ཆུང་སྔ་གཞུག་ཏུ་རང་ཁུལ་གྱི་གུང་ཧོ་དང་ཁྲི་ཀ ཀོས་ནན་སོགས་གཙོ་གནད་ས་ཁུལ་དུ་སོང་ནས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཚོ་ལྷོའི་གཏམ་རྒྱུད་གསོན་ཉམས་ལྡན་པའི་ངང་ནས་བརྗོད་རྒྱུ་རེད།
ཟླ9པའི་ཚེས13ཉིན། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དངོས་བཤུས་གློག་བརྙན་ཏེ་རང་བྱུང་ཀྲུང་གོ མཚོ་སྔོན་གྱི་ལེའུ་ཞེས་པའི་ཕབ་སྐྲུན་ཚན་ཆུང་གུང་ཧོ་རྫོང་ཚལ་རྔ་འགག་ཏུ་སོང་ནས་ཕབ་སྐྲུན་དང་ཆུ་འོག་སྐྱེ་ཁམས་ཚད་འཇལ་ཐིག་འབྲིའི་ལས་དོན་སྤེལ། ཚལ་རྔ་འགག་ཆུ་མཛོད་ཁུལ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་བེད་ཀྱི་ས་ཁུལ་གཙོ་བོ་དང་སྐྱེ་ཁམས་ཀྱི་འགོག་སྲུང་གཙོ་བོ་ཡིན་པའི་ཆ་ནས། ཐེངས་འདིའི་དངོས་བཤུས་གློག་བརྙན་གྱི་ཕབ་བསྐྲུན་ས་ཚིགས་གཙོ་བོ་ཡིན། ཡུལ་དངོས་སུ། ཕབ་སྐྲུན་ཚན་ཆུང་གི་ལས་བྱེད་མི་སྣས་ཆུ་འོག་གི་མི་མེད་གནམ་གྲུར་བརྟེན་ནས་ཆུ་མཛོད་ཁུལ་གྱི་ཆུ་འོག་གི་ས་དབྱིབས་དང་། ཆུ་ཁོངས་སྐྱེ་ཁམས་ཁོར་ཡུག ཆུ་འོག་གི་སྔོ་ཁེབས་དང་ཆུ་གནས་སྐྱེ་དངོས་ཀྱི་གནས་སྡོད་ཁོར་ཡུག་བཅས་པར་ལེན་པ་དང་གནད་འཁེལ་གྱིས་ཚད་འཇལ་ཐིག་འབྲི་བྱས་ནས།ཕབ་སྐྲུན་ལས་དོན་གྱི་མཐོང་སྣེར་ཞིབ་བཤེར་ནན་མོ་བྱས་ཏེ། དངོས་སུ་ཕབ་བསྐྲུན་བྱེད་པའི་བརྒྱུད་རིམ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་པ་རེད།
མཚོ་སྔོན་སློབ་གྲྭ་ཆེན་མོའི་ཨར་ལས་ཆུ་བེད་སློབ་གླིང་གི་དགེ་རྒན་ཆའོ་ཀྲེན་གྱིས་བཤད་རྒྱུར། ཐེངས་འདིའི་ཚན་རིག་གི་རྟོག་ཞིབ་བྱ་བ་སྤེལ་སྐབས། ང་ཚོས་ཆུ་འོག་མི་མེད་གནམ་གྲུ་དང་ཆུ་ཁོངས་གསར་པའི་ས་ཁྲའི་ཐིག་རིས་འབྲི་བའི་བྱེད་ཐབས་སྣ་ཚོགས་སྤྱད་དེ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་མགོའི་སྐྱེ་ཁམས་ཁོར་ཡུག་ལ་ཕྱོགས་བསྡུས་ཚན་རིག་གིས་རྟོག་ཞིབ་བྱས་པས། རྨ་ཆུའི་ཆུ་ཚད་དང་ཆུའི་ཐོན་ཁུངས་ལ་དཔྱད་དཔོག་བྱེད་པར་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱས་པ་ཡིན་ཟེར།
ཤེས་རྟོགས་བྱུང་བར་གཞིགས་ན། དངོས་བཤུས་གློག་བརྙན་དེས་ཐུན་མོང་མ་ཡིན་པའི་རང་བྱུང་གི་མཐོང་སྣེ་ལ་བརྟེན་ཏེ། མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་བོ་དེ་མངོན་རྒྱུ་ཡིན་པ་མ་ཟད། རང་ཁུལ་གྱི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་རྒྱུ་རེད།