གནད་བསྡུས། 详情

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཞེས་པའི་ཆེད་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་མཚོ་ལྷོ་ཁུལ་དུ་བསྡུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱ་ཆེད། ཟླ9པའི་ཚེས14ཉིན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས་ཞེས་པའི་ཆེད་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་དེ་མཚོ་ལྷོ་ཁུལ་དུ་བསྡུས་པ་དང་།  ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་འབུམ་རམས་པ་གུ་རུ་རྡོ་རྗེ་ཡིས་ཆེད་དོན་སྒྲོག་འགྲེལ་བྱས་ཤིང་། ཁུལ་ཨུའི་པུའུ་ཨུ་ཁག་དང་ཁུལ་ཐད་གཏོགས་ལས་ཁུངས་ཁག  མི་དམངས་ཚོགས་པ་ཁག  ཁུལ་དུ་སྡོད་པའི་ལས་ཁུངས་ཁག་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་བའི་འཐུས་མི160ལྷག་གིས་སྒྲོག་འགྲེལ་ལ་ཉན།

སྙན་ཞུའི་ཚོགས་འདུ་ལས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས་ཞེས་པའི་ཁྲིམས་འཛུགས་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན། བཅའ་ཁྲིམས་ཀྱི་ནང་དོན་གཙོ་བོ། མཚོ་སྔོན་གྱི་ལག་ལེན་དང་དཔེ་མཚོན་གྱོད་གཞི། སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་ཕྱོགས་བཞི་ལ་དམིགས་ནས་བརྒྱུད་རིམ་ལྡན་པའི་འགྲེལ་བཤད་དང་གསལ་འགྲེལ་བྱས་པར་མ་ཟད། བཅའ་ཁྲིམས་དེའི་དོན་ཚན་གཙོ་བོ་དང་དགོངས་དོན་གྱི་ངོ་བོ། ཁྲིམས་ལུགས་ཀྱི་ནང་དོན་བཅས་གནད་ལ་འཁེལ་བའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་དང་། དུས་རབས་གསར་པར་ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་སྤེལ་གཏོང་བའི་ལག་ལེན་གྱི་ཐབས་ལམ་རྒྱས་བཤད་གཏིང་ཟབ་གནང་ཞིང་། དུས་མཚུངས་སུ་རང་རེའི་ཞིང་ཆེན་གྱི་མི་རིགས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་དང་། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ། མི་རིགས་ཀྱི་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་སོགས་ཐད་ཀྱི་བཅའ་ཁྲིམས་ཀྱི་ནུས་པ་གལ་ཆེན་ལ་འགྲེལ་བཤད་ཞིབ་མོ་བྱས་པ་དང་། རིགས་པའི་གཞུང་ལུགས་ཀྱི་ནང་དོན་ལྡན་ལ་ལག་ལེན་གྱི་དྲོད་ཚད་ཀྱང་ཡོད་པས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཅའ་ཁྲིམས་ཀྱི་དགོངས་དོན་ཁོང་དུ་ཆུད་པ་དང་། ཁྲིམས་ལྟར་མི་རིགས་ལས་དོན་སྤེལ་བའི་ནུས་པ་ཆེ་རུ་གཏོང་རྒྱུར་མཛུབ་ཁྲིད་རང་བཞིན་དང་དམིགས་སའི་རང་བཞིན་ཆེན་པོ་ལྡན་ཕྱིར། ཐེངས་འདིའི་སྒྲོག་འགྲེལ་གོ་སྐབས་སུ་བྱས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས་ཞེས་པར་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་མི་རིགས་ལས་དོན་དང་ཁྲིམས་སྐྱོང་སློབ་སྦྱོང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཇི་མ་ཇི་བཞིན་སློབ་སྦྱོང་དང་།དོན་ཚན་རེ་རེ་དང་ཚིག་གྲུབ་རེ་རེ་བཞིན་རྟོགས་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། སྒྲོག་འགྲེལ་གྱི་གྲུབ་འབྲས་དང་རྒྱུན་ལྡན་གྱི་བྱ་བ་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་གཏན་འབེབས་ཁག་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་བསྐྲུན་དང་གཞི་རིམ་བཅོས་སྐྱོང་། དམངས་ཚིས་ཞབས་ཞུ་བཅས་ཀྱི་བྱ་གཞག་ཁྲོད་དུ་འདྲེས་པར་བྱ་དགོས། རིམ་དབྱེ་རིགས་དབྱེ་དང་བྱེད་ཐབས་སྣ་མང་ལ་བརྟེན་ནས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་དགོས། རིགས་སོ་སོའི་མང་ཚོགས་ལ་ཁ་ཕྱོགས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་བྱེད་ཕྱོགས་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་དང་། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ཐབས་ལ་བརྟེན་ནས་ཁྲིམས་སྐྱོང་གི་སྙིང་སྟོབས་གསལ་པོར་བཤད་པ་དང་། མཐུན་སྒྲིལ་གྱི་གཏམ་རྒྱུད་ལེགས་པོར་བརྗོད་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དེ་ལས་ཁུངས་དང་གྲོང་གསེབ། སློབ་གྲྭ། སྡེ་ཁུལ། དགོན་སྡེ་བཅས་སུ་སྤེལ་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཡོངས་སུ་མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། མི་ཚང་མ་མཐུན་སྒྲིལ་གསར་གཏོད་ནང་ཞུགས་པ། མི་ཚང་མས་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་མཐོར་འདེགས་སུ་གཏོང་དགོས།

ཚོགས་ཞུགས་མི་སྣས་སྙན་ཞུར་ནན་ཏན་ངང་ཉན་པ་དང་། ཐེངས་འདིའི་གཅིག་སྡུད་སྒྲོག་འགྲེལ་གོ་སྐབས་སུ་བཟུང་སྟེ། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་མཐོ་རུ་གཏོང་བ་དང་བཅའ་ཁྲིམས་ཀྱི་དོན་ཚན་གྱི་དགོངས་དོན་ཁོང་དུ་ཆུད་པར་བྱས་ཏེ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་རང་འགན་གཙང་སྒྲུབ་དང་རང་རྟོགས་ངང་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱས་ནས། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་ཏན་ཏིག་ངང་ཡག་པོར་བསྒྲུབ་སྟེ། མི་རིགས་ཁག་གི་ཐུན་མོང་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དར་རྒྱས་གོང་འཕེལ་ཏུ་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུ་ཡིན་ཞེས་བཤད།

ཁུལ་ཨུའི་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་ཚེ་རིང་རྒྱ་མཚོས་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལ་སློབ་སྦྱོང་བྱས་པ་བརྒྱུད། མི་རིགས་མཐུན་སྒྲིལ་ནི་མི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པ་དང་། བཅའ་ཁྲིམས་འདིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་ཁྲིམས་སྐྱོང་གི་ལམ་ནས་སྲ་བརྟན་དུ་བཏང་སྟེ། དུས་རབས་གསར་པའི་མི་རིགས་བྱ་བར་ཁྲིམས་སྐྱོང་གི་འགན་ལེན་གང་ལེགས་བྱས་ཡོད་པས་ང་ལ་ངོས་འཛིན་ཟབ་མོ་ཐོབ་བྱུང་ཟེར།

མཚོ་ལྷོ་ཁུལ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གུང་ཧོ་རུ་ཆེན་མཚོ་སྔོན་པོ་བྱང་ལམ་ཆེན་མོའི་མེ་ཟོན་རོགས་སྐྱོབ་ས་ཚིགས་ཀྱི་མགོ་གཙོ་གཞོན་པ་ཀྲང་ཕུང་ཡུས་ཡིས་བཤད་རྒྱུར། གཞི་རིམ་གྱི་མེ་ཟོན་རོགས་སྐྱོབ་མི་སྣ་ཞིག་ཡིན་པའི་ཆ་ནས། མི་རིགས་མང་པོ་འདུས་སྡོད་ཁུལ་དུ་གནས་ཡོད་པས། མི་རིགས་མཐུན་སྒྲིལ་ནི་ཁོངས་གཏོགས་ཁུལ་གྱི་དུས་བདེ་བརྟན་ལྷིང་གི་རྨང་གཞི་ཡིན་པ་ངས་གསལ་བོར་རྟོགས་ཡོད། རྗེས་མར་ངས་མཉམ་མྱོང་བཞིའི་འདུ་ཤེས་བརྟན་པོར་བཙུགས་ཏེ། རང་རྟོགས་སྒོས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ལ། དུས་རྒྱུན་གྱི་ཉེན་རྟོག་རོགས་སྐྱོབ་དང་མེ་ཟོན་དྲིལ་སྒྲོག དམངས་ཕན་ཞབས་ཞུ་བཅས་ཀྱི་ཁྲོད་དུ་མི་རིགས་སོ་སོའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་དང་ཡ་རབས་ཚུལ་མཐུན་གྱིས་འགན་འཁྲི་བསྒྲུབ་སྟེ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ལེགས་པོ་བྱས་ནས། དཔུང་སྡེ་ནང་ཁུལ་དུ་མི་རིགས་སོ་སོའི་འཐབ་གྲོགས་དབར་ཕན་ཚུན་རོགས་རམ་དང་མཐུན་སྒྲིལ་ཡར་བརྩོན་བྱ་རྒྱུ་ཡིན་ལ། ངས་ཀྱང་རང་ངོས་ནས་མགོ་བརྩམས་ཤིང་། རང་འགུལ་ངང་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་པ་ཞིག་དང་དྲིལ་སྒྲོག་པ་ཡག་པོ་ཞིག་བྱས་ནས། མེ་ཟོན་གྱི་རང་འགན་ལ་གཞི་ཚུགས་པ་དང་བྱ་བ་ཁག་ལེགས་པོར་སྒྲུབ་པ་དང་། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཕྱོགས་གཅིག་གི་བདེ་འཇགས་ལ་སྲུང་སྐྱོང་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།


热门新闻

热门图库

热门排行