མཚོ་ལྷོ་ཁུལ་སྲིད་གཞུང་གིས་ཁུལ་དཔོན་གཞུང་སྒྲུབ་ཚོགས་འདུ་བསྡུས།
ཟླ9པའི་ཚེས14ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་མགོ་འཛིན་གནང་ནས་ཁུལ་དཔོན་གཞུང་སྒྲུབ་ཚོགས་འདུ་བསྡུས་ཏེ། གཙོ་གནད་བྱ་བར་སྐུལ་འདེད་བཏང་བའི་གནས་ཚུལ་ལ་དབྱེ་ཞིབ་དང་། དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས་ཏེ། དུས་རིམ་རྗེས་མའི་ལས་འགན་བཀོད་སྒྲིག་བྱས་ཤིང་། ཁུལ་དུ་སྡོད་པའི་ཁུལ་དཔོན་གཞོན་པ་སོ་སོས་ལས་བགོས་འགན་གཉེར་ཁྱབ་ཁོངས་ཀྱི་བྱ་བ་གཙོ་བོ་དང་ལས་གཞི་གཙོ་བོར་སྐུལ་འདེད་བཏང་བའི་གནས་ཚུལ་དང་། ཞན་ཆ། དེ་བཞིན་རྗེས་མའི་བསམ་ཕྱོགས་བཅས་ལ་དམིགས་ནས་སོ་སོས་གཏམ་བཤད་བྱས་ཤིང་། དོན་གྲུབ་ཀྱིས་བྱ་བའི་བླང་བྱ་རེ་རེ་བཞིན་བཏོན་པ་རེད། ཚོགས་འདུ་ལས་ཁུལ་ཡོངས་ཀྱི་དཔལ་འབྱོར་གྱི་སྤྱིའི་གནས་བབ་རིམ་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང་སྔར་བཞིན་བར་ཁྱད་ཅུང་ཆེན་པོ་ཡོད་པས། མིག་སྔར་གཙོ་གནད་བྱ་བའི་གཅིག་སྡུད་འགག་སྒྲོལ་དུས་སྐབས་དང་། བྱ་བ་སོ་སོའི་སྤུས་ཚད་དང་ཕན་འབྲས་ཆེར་སྐྱེད་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཡིན། འགན་འཁྲིའི་འཁུར་སེམས་དང་ཁ་ཚ་དགོས་གཏུག་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། གནད་དོན་གྱི་རྩ་བ་འཚོལ་བ། བསམ་ཕྱོགས་གསལ་པོ་ཡིན་པ། བྱེད་ཐབས་ཞིབ་ཕྲ་ཅན་དུ་བཟོ་བ། གནད་ལ་འཁེལ་བའི་སྒོ་ནས་ཤུགས་འདོན་པ་བཅས་བྱས་ཏེ། གནད་འགག་གི་ཁྱབ་ཁོངས་ཀྱི་འགག་སྒྲོལ་ལ་བརྟེན་ནས་ཁྱོན་ཡོངས་ཀྱི་བྱ་བར་མཐོར་འདེགས་བྱེད་པར་སྐུལ་ཁྲིད་བྱ་དགོས་ཞེས་བསྟན།
ཚོགས་འདུ་ལས་ལས་གཞི་འཛུགས་སྐྲུན་དེ་འཕར་སྣོན་བརྟན་པོ་ཡོང་བའི་འདེགས་སྐྱོར་གལ་ཆེན་དུ་བརྩིས་ཏེ། བཀོད་གཏོང་དང་དཔྱད་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཀའ་གནད་དང་འགག་གནད་དུས་ཐོག་ཏུ་སེལ་བ། ལས་ཡུན་བརྩོན་ལེན་དང་མྱུར་ཚད་དམ་འཛིན་བྱས་ནས། དངོས་ཟོག་གི་གྲངས་འབོར་སྔར་ལས་མང་པོ་ཞིག་ཆགས་གང་ཐུབ་བྱ་དགོས། སྲིད་ཇུས་ཀྱི་ཁ་ཕྱོགས་ལ་དམ་པོར་དམིགས་ནས། འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ། སྔོན་ལ་གྲབས་གསོག་དང་འགུལ་རྣམ་གསར་སྒྱུར་གྱི་ལས་གཞིའི་མཛོད་འཆར་འགོད་བྱ་དགོས། བྱ་བ་སྒྲུབ་པའི་རང་འགུལ་རང་བཞིན་ཆེ་རུ་གཏོང་བ་དང་། ཞིང་སྐྱོར་མ་དངུལ་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་མ་དངུལ་གྱི་ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་ནུས་ཤུགས་ཡོད་རྒུས་ཇེ་མགྱོགས་སུ་གཏོང་དགོས། ནོར་ལུག་བཤས་གཏོང་གི་ཁ་གསབ་སྲིད་ཇུས་ཤུགས་ཆེན་པོས་དྲིལ་སྒྲོག་དང་ཕན་འབྲས་ཆེན་པོས་དོན་འཁྱོལ་བྱེད་པ་དང་། བཤས་གཏོང་གི་གཞི་ཁྱོན་ཆེ་རུ་གཏོང་བ། ནོར་ལུག་གི་གསོ་སྤེལ་ཁ་གྲངས་ཇེ་མང་དུ་གཏོང་བའི་བྱ་བར་རྗེས་སྙེག་འཆར་འགོད་བྱེད་པ། ཕྱུགས་ནད་ལ་དོགས་ཟོན་ནན་མོ་བཅས་བྱས་ནས་ཐོན་ཚད་བརྟན་པོ་ཡོང་བར་འགན་ལེན་བྱ་དགོས། དུས་མཚུངས་སུ་རེ་ཞུའི་བརྒྱུད་རིམ་ལེགས་སྒྱུར་དང་སྟབས་བདེ་རུ་བཏང་སྟེ། སྲིད་ཇུས་དག་གཞི་རིམ་དུ་ཐད་ཀར་འབྱོར་བ་དང་མང་ཚོགས་ཀྱི་གམ་དུ་ཐད་ཀར་འབྱོར་བར་འགན་ལེན་བྱ་དགོས། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། སྔོན་ཐོན་ས་ཁུལ་གྱི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་དཔྱད་གཞིར་བཟུང་སྟེ། ཆེད་དོན་རོགས་དངུལ་ལེགས་པོར་སྤྱད་ནས་མང་ཚོགས་ལ་ཕན་པ་དངོས་ཐོབ་པ་དང་ཚོང་རར་གསོན་ཤུགས་སྣོན་དགོས། ལྗང་མདོག་དཔལ་འབྱོར་གསར་སྤེལ་ཁུལ་གྱི་རེ་ཞུ་དང་། རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར། ཚོང་འགུག་དངུལ་འདྲེན། ལྗང་གློག་ཐད་སྦྲེལ། སྒྲིག་སྲོལ་གཅིག་གྱུར་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་སྒུལ་ཤུགས་མུ་མཐུད་དུ་གསོག་འཇོག་བྱ་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་མུ་མཐུད་དུ་དམ་འཛིན་ལེགས་པོ་བྱས་ནས། སློབ་རའི་བདེ་འཇགས་དང་གཞུང་ལམ་འགྲིམ་འགྲུལ། ཨར་ལས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་བྱུར་རྐྱེན་སྣ་ཚོགས་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྐྱོང་བྱེད་པ་དང་། གསལ་ཐོ་དོ་དམ་དང་གདུབ་ཟུམ་སྐུལ་འདེད། འགུལ་རྣམ་གཙང་སེལ་བཅས་ལག་བསྟར་ནན་མོ་བྱས་ཏེ། བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོར་སྲུང་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་དང་འགན་འཁྲིའི་འཁུར་ཤུགས་ཆེ་རུ་བཏང་སྟེ། དོན་འཁྱོལ་ལག་བསྟར་ལ་དམ་འཛིན་ནན་མོ་བྱ་དགོས། ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་ཅུའུ་སོགས་སྡེ་ཁག་གིས་རྒྱུན་རྣམ་ཅན་གྱི་སྒོ་ནས་མཉམ་གྲོས་འབྲེལ་མཐུད་བྱས་ཏེ་དུས་ཐོག་ཏུ་སྐུལ་འདེད་དང་དྲན་སྐུལ་བྱ་དགོས། སྡེ་ཁག་སོ་སོས་རང་གི་ཁྱབ་ཁོངས་ཀྱི་ལས་གཞིའི་འཛུགས་སྐྲུན་དང་མ་དངུལ་བཏང་བ་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས་ཏེ། གནད་ལ་འཁེལ་བའི་སྒོ་ནས་མི་འདང་ས་བཙལ་བ་དང་བྱེད་ཐབས་ལེགས་པོ་བཏོན་ནས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ཏེ་རྗེས་འདེད་འདྲི་རྩད་ནན་མོ་བྱ་དགོས། མགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོ་སོ་དང་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོས་ཡུལ་དངོས་བཀོད་འདོམས་དང་རང་ཉིད་ནས་མགོ་བརྩམས་ཏེ་དོན་འཁྱོལ་བྱེད་པར་དམ་འཛིན་བྱས་ནས། གཙོ་གནད་བྱ་བ་ཁག་སྤུས་འདེགས་ནུས་མཐོ་དང་ཕན་འབྲས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན།
ཁྲེ་ཞང་ཞན་དང་ཀྲའོ་ཧུང་ཚའེ། བཀྲ་ཤིས་ཕུན་ཚོགས། ཆིའུ་ཡོན་ལིན། ཕན་ལེ་ཡོན་བཅས་ཚོགས་འདུར་ཞུགས།