དག་གཙང་མཚོ་ལྷོ་ཞེས་པའི་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་མགོ་ཚུགས་པའི་བཀོད་སྒྲིག་ཚོགས་འདུ་འཚོགས།
རང་ཚགས་པར་གྱི་འཕྲིན། ཟླ9པའི་ཚེས14ཉིན། དག་གཙང་མཚོ་ལྷོ་ཞེས་པའི་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་མགོ་ཚུགས་པའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། ཚོགས་འདུ་ལས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་སྟེང་བཏོན་པའི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱར་དམིགས་ནས། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་བསམ་བློ་གཅིག་གྱུར་དང་ཐུན་མོང་ངོས་འཛིན། མཉམ་འཛིན་སྤྱི་སྒྲུབ། དམངས་ཡོངས་ཟབ་ཞུགས་བྱེད་པར་སྐུལ་སློང་བྱས་ཏེ། དག་གཙང་དང་མཛེས་སྡུག དཔལ་ཡོན་བཅས་ལྡན་པའི་ཡུལ་སྐོར་དང་འཚམ་པ། བདེ་སྡོད་དང་འཚམ་པ། ལས་གཏོད་དང་འཚམ་པའི་ཁོར་ཡུག་ཅིག་ཧུར་ཐག་གིས་བསྐྲུན་ཏེ། དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་སྐྱེ་ཁམས་ཁོར་ཡུག་གི་རྨང་གཞི་བརྟན་པོ་འདིང་དགོས། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་ཚོགས་འདུར་མགོ་འཛིན་བྱས།
ཚོགས་འདུ་ལས་མི་སྡོད་ཁོར་ཡུག་ལེགས་བཅོས་བྱ་རྒྱུ་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་དུ་གཏོང་བའི་གཙོ་གནད་ལས་འགན་ཞིག་ཀྱང་ཡིན་པས། ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་དུ་བསྟར་བ་དང་། བཟོ་སྐྲུན་ཁྲི་སྟོང་གི་ཉམས་མྱོང་གི་ཞིབ་ཕྲའི་ལག་ལེན་ཁྱབ་གདལ་དང་བེད་སྤྱོད་བྱེད་པ། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་གྱི་བཀོད་སྒྲིག་དོན་འཁྱོལ་དང་མགྱོགས་མྱུར་སྒོས་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་དང་། མང་ཚོགས་ཀྱི་རེ་སྒུག་དང་བསྟུན་པ་དང་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བའི་དགོས་ངེས་ཀྱི་དོན་སྙིང་ཞིག་དང་། དེ་མིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གི་ཞན་ཆ་གསབ་པ་དང་གནས་མཆོག་མཚོ་ལྷོའི་སྤུས་རྟགས་ཀྱི་དགོས་ངེས་ཀྱི་བླང་བྱ་ཡིན་པ་དང་། ཅན་བཅུའི་ཏང་འཛུགས་སྐྱོང་གི་ཕན་འབྲས་ལ་ཞིབ་བཤེར་དང་གཞི་རིམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བའི་ཚད་གཞི་གཙོ་བོ་བཅས་ཡིན་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ལངས་ཕྱོགས་མཐོ་རུ་གཏོང་བ་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་སྒོས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་འཛིན་པ་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་བརྡལ།གྲོང་གསེབ་མཉམ་དུ་དམ་འཛིན་དང་། ཕྱི་ནང་གཉིས་ཀར་ལེགས་བཅོས་དང་ཕྱི་ནང་ཟུང་འབྲེལ་བྱེད་པ། ཡུན་རིང་བཅོས་སྐྱོང་དང་ཡུན་ཕན་ཟུང་འབྲེལ་བཅས་བྱ་དགོས་ཞེས་བསྟན། ཚོགས་འདུ་ལས་གཙོ་གནད་ལ་དམིགས་པ་དང་སྐུལ་འདེད་ཏན་ཏིག་བཏང་ནས་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཤིང་། གྲོང་ཁྱེར་དང་གྲོང་བརྡལ་གྱི་རྣམ་པར་དོ་དམ་ཞིབ་ཚགས་དང་། གྲོང་གསེབ་ཀྱི་ཁོར་ཡུག་ལ་གཙང་སྦྲ་བྱེད་པ། གཞུང་ལམ་འགྲམ་རྒྱུད་ཀྱི་རྣམ་པར་བཅོས་སྐྱོང་། ཆུ་བོ་དང་མཚེའུ་འགྲམ་རྒྱུད་ཀྱི་ཁོར་ཡུག་ལེགས་བཅོས། མཛེས་ལྗོངས་ཁུལ་གྱི་སྤུས་ཀ་ལེགས་སུ་གཏོང་བ། ཁོར་ཡུག་འཕྲོད་བསྟེན་སྒྲིག་བཀོད་ཚད་ལྡན་ངང་འཁོར་སྐྱོད་བྱེད་པ། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་པའི་དར་སྲོལ་ཆགས་པ་བཅས་ལ་དམ་འཛིན་བྱས་ཏེ། གནད་མང་ཤུགས་འདོན་གྱིས་ཁོར་ཡུག་བཅོས་སྐྱོང་གི་བྱ་བ་གང་ལེགས་སྒོས་བསྒྲུབ་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་དང་། མཛེས་ལྗོངས་ཁུལ་གྱི་རྣམ་པ་དང་གྲོང་ཚོའི་ཁོར་ཡུག་ལ་ལེགས་བཅོས་བྱེད་པ། དམངས་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་བཅས་ཀྱིས་ད་ལོའི་ཟླ9པ་ནས2027ལོའི་ལོ་མཇུག་བར་གཅིག་སྡུད་འགག་སྒྲོལ་ཐུབ་པར་བརྩོན་ལེན་བྱས་ཏེ་བསགས་འབོར་གད་སྙིགས་གཙང་སེལ་བྱ་དགོས། 2028ལོར་སྲ་བརྟན་དང་མཐོར་འདེགས་སུ་བཏང་སྟེ། བཅོས་སྐྱོང་བྱ་བ་རྒྱུན་རྣམ་ཅན་དུ་བསྒྱུར་དགོས། 2029ལོར་ཡུན་ཕན་རྒྱུན་གཏན་ཅན་དུ་བསྒྱུར་ནས་གད་སྙིགས་གཙང་སེལ་བྱེད་ཚད97%ཡན་ཟིན་པར་བྱས་ཏེ། ལོ་གཅིག་ལ་ཕན་འབྲས་མངོན་པ་དང་ལོ་གཉིས་ལ་རིམ་སྤར་བྱེད་པ། ལོ་གསུམ་ལ་དཔེ་སྟོན་གསར་གཏོད་བཅས་ཡོང་བར་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་ས་གནས་ཁག་དང་སྡེ་ཁག་སོ་སོས་འགན་སྲུང་ལ་ཤུགས་སྣོན་དང་འགན་འཁྲི་དོན་འཁྱོལ་བྱས་ཏེ། ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་དེ་མགོ་ཁྲིད་དང་པོའི་ལས་གཞི་ཞིག་ཏུ་བརྩིས་ནས། ཁུལ་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པ་དང་རྫོང་རིམ་པས་འགན་འཁྲི་གཙོ་བོ་འཁུར་བ། སྡེ་ཁག་གིས་གཞོགས་འདེགས་བྱེད་པ། གྲོང་གསེབ་ཀྱིས་སྐུལ་འདེད་བྱེད་པ་བཅས་ཀྱི་འགན་འཁྲིའི་མ་ལག་དོན་འཁྱོལ་བྱས་ཏེ། ཁུལ་བགོས་དམ་འཛིན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རྩ་འཛུགས་ལ་ཤུགས་སྣོན་བྱེད་པར་དོན་འཁྱོལ་དམ་འཛིན་དང་འགན་འཁྲི་ནན་མོར་གཏོང་བར་དོན་འཁྱོལ་དམ་འཛིན། དྲིལ་སྒྲོག་ཁྲིད་སྟོན་ལ་དོན་འཁྱོལ་དམ་འཛིན། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པར་དོན་འཁྱོལ་དམ་འཛིན། ལམ་སྲོལ་འཐུས་ཚང་དུ་གཏོང་བར་དོན་འཁྱོལ་དམ་འཛིན་བཅས་བྱ་དགོས། དུས་ལྟར་ལྟ་སྐུལ་ཞིབ་བཤེར་དང་ཁྱབ་སྒྲོག དཔྱད་བསྡུར། ཐེར་འདོན་བཅས་ཀྱི་ལམ་སྲོལ་བཙུགས་ཏེ། གནད་དོན་ལ་རྩིས་ཐོ་བཟོས་ནས་དག་ཐེར་བྱེད་པ་དང་རྩིས་བསྡུར་བྱས་ནས་གནད་དོན་ཐག་གཅོད་བྱེད་པ། བཅོས་སྐྱོང་ཕན་འབྲས་དེ་མགོ་ཁྲིད་ཚན་ཁག་དང་ལས་བྱེད་པར་དཔྱད་ཞིབ་གདེང་འཇོག་བྱེད་པའི་གཞི་འཛིན་ས་གཙོ་བོ་ཞིག་ཏུ་འཛིན་དགོས། ཅན་བཅུའི་ཏང་འཛུགས་ཆེད་དོན་བྱ་བའི་ཚན་ཆུང་གི་ནུས་པ་འདོན་སྤེལ་བྱས་ཏེ། མང་ཚོགས་ཞུགས་རྒྱུར་སྐུལ་སློང་བྱས་ནས་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་རྣམ་པ་ཞིག་གཏོད་པ་དང་ཡུན་ཕན་དོ་དམ་སྲུང་སྐྱོང་དང་། གཅིག་གྱུར་གྱིས་མཐུན་སྦྱོར། ཕྱོགས་བསྡུས་ཁྲིམས་འཛིན་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྐར་གསོག་ལམ་ལུགས་དང་མིང་ཐོའི་ལེགས་ཉེས་གསལ་བསྒྲགས། ཆེས་མཛེས་པའི་སྒོ་ར་དཔྱད་འདེམས་སོགས་ཀྱི་བྱེད་ཐབས་གསར་གཏོད་བྱས་ཏེ། བཟང་ཕྱོགས་ཀྱི་སྐུལ་ལྕག་དང་ལྡོག་ཕྱོགས་ཀྱི་བརྡ་ཁྱབ་གཉིས་མཉམ་དུ་སྤེལ་ནས། དམངས་ཡོངས་ཟབ་ཞུགས་བྱེད་པའི་རྣམ་པ་བཟང་བོ་བསྐྲུན་དགོས། བཅོས་སྐྱོང་ཕན་འབྲས་དངོས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། མཛེས་སྡུག་ལྡན་པའི་མཚོ་ལྷོ་སྔར་ལས་དག་གཙང་དང་། མཛེས་སྡུག་ལྡན་པ། གནས་སྡོད་ལ་འཚམ་པ། བདེ་སྐྱིད་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱ་དགོས་ཞེས་བླང་བྱ་བཏོན།
ཚོགས་འདུ་ལས《དག་གཙང་མཚོ་ལྷོ་ཞེས་པའི་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི》གཏན་འབེབས་ལག་བསྟར་བྱ་རྒྱུའི་སྐོར་ལ་གསལ་བཤད་བྱས་ཤིང་། འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་གྱི་མི་སྣས་གཏམ་བཤད་བྱས་པ་རེད།།