2026ལོའི་མཚོ་ལྷོ་ཁུལ་གྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་དངོས་སུ་སྤེལ་མགོ་ཚུགས།
ཟླ9པའི་ཚེས14ཉིན2026ལོའི་མཚོ་ལྷོ་ཁུལ་གྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་མགོ་ཚུགས་མཛད་སྒོ་དེ་གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་རྒྱ་ར་སྡེ་བར་སྤེལ་བ་དང་། ཐེངས་འདིའི་བྱེད་སྒོས་དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་དྲ་རྒྱའི་བདེ་འཇགས་ནི་མི་དམངས་ལ་བརྟེན་དགོས་པ་སྟེ་རིག་ནུས་དུས་རབས་ཀྱི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་བྱ་དགོས་ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་གཞིགས་ཏེ། ཅན་བཅུའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་བྱེད་ཐུབ་པ་དང་། དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་ཐད་ཀར་གཞི་རིམ་དུ་སླེབས་པར་སྐུལ་འདེད་བཏང་ནས་རྒྱ་ཆེའི་མང་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་དང་དོགས་ཟོན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་།
གཞུང་དངོས། བྱེད་སྒོ་སྤེལ་ཡུལ་དུ་ཚོགས་ཞུགས་ལས་ཁུངས་དག་གིས་གཅིག་སྡུད་ཐོག་དྲིལ་བསྒྲགས་འགྲེམ་པང་བཀྲམས་པ་དང་དྲིལ་བསྒྲགས་འགྲེམ་སྟེགས་བཞག་ནས་དྲ་རྒྱའི་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་གཡོ་ཐབས་ལ་རྒོལ་བའི་ཤེས་བྱ། དྲ་རྒྱའི་དཀྲོག་གཏམ་བཅོས་སྐྱོང་སོགས་དྲིལ་བསྒྲགས་ཀྱི་ནང་དོན་རབ་དང་རིམ་པ་གྲལ་འགྲིག་པོའི་ངང་འགྲེམ་སྟོན་བྱས་ཤིང་། ལས་དོན་མི་སྣས་རང་འགུལ་ངང་ཕར་འགྲོ་ཚུར་འོང་བྱེད་མཁན་གྲོང་མིར་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་ཡིག་ཆ་སྤྲད་པ་དང་མང་ཚོགས་ཀྱི་འཚོ་བའི་རྒྱུན་མཐོང་དྲ་རྒྱའི་མགོ་སྐོར་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ། དྲ་རྒྱའི་བདེ་འཇགས་དོགས་ཟོན་གྱི་ཐབས་རྩལ་ལ་ཡུལ་དངོས་སུ་འགྲེལ་བཤད་བརྒྱབ་པ་དང་གོ་བདེ་ཤེས་སླའི་ཚན་རྩལ་ཁྱབ་གདལ་གཏོང་སྟངས་སྤྱད་དེ་དྲ་རྒྱའི་བདེ་འཇགས་ཤེས་བྱ་མི་སེམས་ལ་འཇགས་པར་བྱས།
ཐེངས་འདིའི་མགོ་རྩོམ་མཛད་སྒོར་ཤེས་བྱའི་རང་བཞིན་དང་སྤྲོ་སྣང་རང་བཞིན་གཉིས་ཀ་ལྡན་པའི་རིག་རྩལ་ལེ་ཚན་བསྟུད་མར་འཁྲབ་སྟོན་བྱས་ཤིང་། མང་ཚོགས་ཀྱིས་དང་ལེན་བྱེད་སླ་བའི་ལམ་ནས་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་ཁྱབ་གདལ་དུ་བཏང་ནས་དྲིལ་བསྒྲགས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད། དུས་མཉམ་དུ་སྤེལ་བའི་དྲ་རྒྱའི་བདེ་འཇགས་ཤེས་བྱའི་བྱ་དགའ་སྟེར་བའི་འགྲན་བསྡུར་ཁྲོད་ཕན་ཚུན་བགྲོ་གླེང་བྱས་ཤིང་། སྡེ་མི་རྣམས་ཀྱིས་ཧུར་ཐག་གིས་ལན་བཏབ་ནས་སྲོལ་རྒྱུན་གྱི་རྣམ་པ་གཅིག་རྐྱང་ལས་བརྒལ་ཏེ། དྲིལ་སྒྲོག་སློབ་གསོའི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་སྔར་ལས་མཐོ་རུ་བཏང་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། 2026ལོའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་སྐབས་སུ། མཚོ་ལྷོ་ཁུལ་གྱིས་མུ་མཐུད་དུ་ཅན་བཅུའི་ཏང་འཛུགས་སྐྱོང་གི་གཞི་རིམ་བཅོས་སྐྱོང་གི་མ་ལག་ལ་བརྟེན་ཏེ། སྡེ་ཁག་སོ་སོ་དང་ཤང་གྲོང་སོ་སོར་མཉམ་འབྲེལ་སྒོས་དྲ་རྒྱའི་བདེ་འཇགས་དེ་ཤང་སྡེ་རུ་བསྐྱོད་པ་དང་སྡེ་ཁུལ་དུ་བསྐྱོད་པ། སློབ་གྲྭ་རུ་བསྐྱོད་པ་སོགས་ཀྱི་དྲིལ་སྒྲོག་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། གཞི་རིམ་གྱི་དྲ་རྒྱའི་བདེ་འཇགས་རྨང་གཞི་མུ་མཐུད་དུ་བརྟན་པོར་བྱས་ནས་དམངས་ཡོངས་ཟབ་ཞུགས་དང་མཉམ་འཛུགས་མཉམ་སྐྱོང་གི་དྲ་རྒྱའི་བདེ་འཇགས་བཅོས་སྐྱོང་བྱེད་པའི་རྣམ་པ་གསར་པ་ཞིག་གཏོད་རྒྱུ་རེད།