གནད་བསྡུས། 详情

ཀོས་ནན་རྫོང་གིས་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་ལས་ལ་བརྟེན་ནས་དམངས་ལ་ཕན་ཁེ་བསྐྲུན།

རང་ཚགས་པར་གྱིས་འཕྲིན། ཀོས་ནན་རྫོང་བྱ་མདོ་ཤང་གོར་མདོ་སྡེ་བའི་བོད་ལུགས་གཙག་དྲུབ་ཐོན་ལས་ཀྱིས་འབབ་འཕར་གྱི་ལམ་བུ་གསར་པ་ཞིག་བཏོད་ཡོད་པ་དང་། བདེ་སྐྱིད་གླིང་དུ་ཟས་མཆོག་གི་དྲི་ཞིམ་འཐུལ་ནས་རྒན་པའི་སེམས་པ་དྲོ་བར་བྱས། ད་ལོའི་ཚུན་ལ། གོར་མདོ་སྡེ་བས་ཅན་བཅུའི་ཏང་འཛུགས་གཙོ་གནད་དུ་བཟུང་སྟེ། ཏང་འཛུགས་བྱ་བ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས། དམངས་ཚིས་ཞབས་ཞུ་འགན་ལེན་བཅས་ཟུང་འབྲེལ་གང་ལེགས་བྱས་ནས། ཏང་ཡོན་དང་མང་ཚོགས་མཐུན་སྒྲིལ་ངང་སྣེ་ཁྲིད་དེ། ཏང་འཛུགས་ཁྲིད་སྟོན་དང་། ཐོན་ལས་དམངས་ཕྱུག ཞབས་ཞུའི་དམངས་ཕན་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།

གོར་མདོ་སྡེ་བའི་མཛེས་མ་ཁུལ་གཙག་དྲུབ་ཐོན་ལས་ཚད་ཡོད་ཀུང་ཟིའི་ནང་དུ། བུད་མེད་གཙག་དྲུབ་མཁན་རྣམས་ཀྱིས་མཛུབ་རྩེའི་བར་ནས་ངོ་མཚར་བའི་བོད་ལུགས་གཙག་དྲུབ་ཀྱི་བརྩམས་ཆོས་རེ་རེ་གཙགས་བཞིན་ལ། 2022ལོར་ཀུང་ཟི་དེ་བཙུགས་པ་ནས་བཟུང་། ལག་གཙག་དང་འཕྲུལ་གཙག་ཟུང་འབྲེལ་གྱི་བྱེད་ཐབས་ལ་བརྟེན་ནས། ས་གནས་དེ་གའི་བུད་མེད་110བསྡུ་ལེན་བྱས་ཏེ་ལས་ཞུགས་བྱེད་དུ་བཅུག་པ་དང་། དྲ་ཐོག་ཏུ་བུད་མེད་གཙག་དྲུབ་མཁན་རྣམས་ཀྱིས་ཐད་གཏོང་གི་རྣམ་པ་བརྒྱུད་ནས་དྲ་གྲགས་མི་སྣ་དང་མཉམ་འབྲེལ་བྱས་ཏེ་ཐད་གཏོང་ཚོང་གཉེར་བྱས་པས། དྲ་ཐོག་མངག་ཐོ་རྒྱུན་ཆད་མེད་པར་མང་དུ་ཕྱིན། མིག་སྔའི་བར་དུ་ཀུང་ཟིའི་ཚོང་གཉེར་ཡོང་སྒོ་སྒོར་ཁྲི27ལས་བརྒལ་ཡོད་ཅིང་། དེའི་ནང་གཏན་འཇགས་མངག་ཐོ་སྒོར་ཁྲི10ལས་བརྒལ་བ་དང་། ཡོང་འབབ་གཞན་དག་ཚང་མ་ཐད་གཏོང་གློག་ཚོང་ལས་བྱུང་བ་རེད།

ཀོས་ནན་རྫོང་བྱ་མདོ་ཤང་གོར་མདོ་སྡེ་བའི་སྡེ་མི་ཁོན་ཐར་སྐྱིད་ཀྱིས་བཤད་རྒྱུར། ང་རང་ལོ20ལ་སོན་པ་ནས་བཟུང་ཨ་མ་དང་མཉམ་དུ་གཙག་དྲུབ་ལག་རྩལ་སྦྱངས་པ་ཡིན་ལ། འདི་དག་ཚང་མ་ལག་བཟོའི་བརྩམས་ཆོས་ངོ་མ་ཡིན། སྤོས་ཁུག་སོགས་ལག་བཟོས་བརྩམས་ཆོས་འདི་དག་གཙགས་ན་ཉིན20ལྷག་དགོས་པ་དང་། དུས་རྒྱུན་དུ་ཁྱིམ་ལ་བདག་སྐྱོང་བྱེད་ཞོར་དུ་གཙག་དྲུབ་གཙགས་པ་ཡིན། ད་ལྟ་ང་ཚོས་མགྱོགས་འཕྲིན་ཐད་གཏོང་ལ་བརྟེན་ནས་གཙག་དྲུབ་ཐོན་རྫས་ཕྱིར་འཚོང་བྱེད་བཞིན་ཡོད་པ་དང་། བུད་མེད་བཅུ་ཕྲག་ལྷག་གིས་ང་དང་མཉམ་དུ་གཙག་དྲུབ་ལག་རྩལ་སྦྱངས་བཞིན་པས། ཀོས་ནན་གྱི་གཟུགས་འདས་གཙག་དྲུབ་ཐོན་ལས་རྒྱུན་འཛིན་བྱེད་ཐུབ་པ་མ་ཟད། རང་ཉིད་ལའང་ཡོང་སྒོ་བཙལ་ཐུབ་པའི་བྱ་བ་ཞིག་ཡོད་ཟེར།

ཐོན་ལས་འཕེལ་རྒྱས་ལ་དར་རྒྱས་ཆེན་པོ་བྱུང་། དམངས་ཚིས་ཞབས་ཞུ་ཡིས་མི་སེམས་སྐྱིད་ལ་བཀོད། སྡེ་བའི་ནང་གི་རྒན་པའི་རྒན་གསོ་དང་སྨན་བཅོས་སོགས་ཁོ་ཚོའི་སེམས་ཁྲལ་དང་དཀའ་ཁག་ལ་དམིགས་ཏེ། གོར་མདོ་སྡེ་བ་དེ་སྡེ་བ་རིམ་པའི་རྒན་གསོའི་བདེ་སྐྱིད་རོགས་རེས་ཁང་དུ་བསྐྲུན་པ་དང་། གཟའ་འཁོར་རེར་སྡེ་བ་ཡོངས་ཀྱི་ལོ60ཡན་གྱི་རྒན་པར་གུང་ཟས་མཁོ་འདོན་བྱེད་བཞིན་ཡོད་པར་མ་ཟད། ཁེར་སྡོད་རྒན་པ་དང་འགུལ་སྐྱོད་སྟབས་བདེ་མིན་པའི་རྒན་པར་ཡང་ཟ་མ་སྐྱེལ་བའི་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད། སྡེ་བས་ད་དུང་རང་གྲབས་མ་དངུལ་བཏོན་ནས་བསྟུད་མར་ལོ8ཀྱི་རིང་ལ་སྡེ་བ་ཡོངས་ཀྱི་ལོ60ཡན་གྱི་རྒན་པར་བོད་ལྭ་གསར་པ་རིན་མེད་ཀྱིས་བྱིན་པ་དང་། ཡིད་སེམས་སྒུལ་བའི་དངོས་དོན་རེ་རེ་ཡིས་ཁོ་ཚོའི་ཚེ་སྨད་ཀྱི་འཚོ་བར་བདེ་སྐྱིད་དང་རྒྱབ་རྟེན་ཡོད་པར་བྱས།

ཀོས་ནན་རྫོང་བྱ་མདོ་ཤང་གོར་མདོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐར་མ་ཚེ་རིང་གིས་བཤད་རྒྱུར། ང་ཚོ་སྡེ་བས་རྒན་གསོའི་རོགས་རེས་ཞབས་ཞུ་འཐུས་ཚང་དུ་གཏོང་བ་དང་ཆབས་ཅིག རྒན་པར་ཐུགས་ཁུར་བྱེད་པའི་བྱ་བ་མུ་མཐུད་དུ་བསྒྲུབས་པ་དང་། སྡེ་བས་རང་གྲབས་མ་དངུལ་བཏོན་ནས་བསྟུད་མར་ལོ8ཀྱི་རིང་ལ་སྡེ་བ་ཡོངས་ཀྱི་ལོ60ཡན་གྱི་རྒན་པར་བོད་ལྭ་གསར་པ་རིན་མེད་ཀྱིས་བྱིན་ཏེ། རྒན་པ་ཚོར་སྡེ་བ་རིམ་པའི་བརྩེ་བའི་དྲོད་ཁོལ་དེ་ཚོར་དུ་བཅུག་པ་ཡིན། དེ་མིན་ཉིན་རྒྱུན་གྱི་གུང་ཟས་དང་ཁྱིམ་དུ་བསྐྱོད་ནས་བདག་སྐྱོང་བྱེད་པའི་ཞབས་ཞུ་བཅས་མཁོ་འདོན་བྱས་ནས་ཁོ་ཚོར་རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་སྤྲོ་སྣང་ལྡན་པར་བྱས་ཡོད་ཟེར།

ཁབ་སྐུད་ལ་བརྒྱུས་ནས་མི་ཚེ་སྐྱིད་ལ་བཀོད། ཟས་མཆོག་ལ་བརྟེན་ནས་རྒན་པར་བརྩེ་སེམས་ཕུལ། གོར་མདོ་སྡེ་བས་རང་ས་གནས་ཀྱི་ཁྱད་ཆོས་ལ་གཞི་བཙུགས་ཏེ། ཤུལ་བཞག་རིག་གནས་ཏེ་བོད་ལུགས་གཙག་དྲུབ་ཀྱི་རིན་ཐང་སྔོག་འདོན་བྱས་ནས། གཙག་དྲུབ་ཐོན་རྫས་ཆུང་ཆུང་དེ་ཐོན་ལས་ཆེན་པོར་བསྒྱུར་བ་དང་། མང་ཚོགས་ལ་ཞབས་ཞུ་མཁོ་འདོན་བྱས་ཏེ་ཁོ་ཚོའི་འཚོ་བ་ཉིན་རེ་ནས་ཉིན་རེ་བཞིན་ཇེ་ལེགས་སུ་བཏང་སྟེ། གྲོང་གསེབ་དར་སྤེལ་གྱི་ལམ་བུར་གོམ་སྟབས་བརྟན་པོས་བསྐྱོད་བཞིན་ཡོད།


热门新闻

热门图库

热门排行