སྒྲོན་བརྙན། 详情

ཞུང་ཡོན་ལའེ་ཡིས་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་གནང་བ།

རང་ཚགས་པར་གྱི་འཕྲིན། ཟླ9པའི་ཚེས8ཉིན་ནས་ཚེས9ཉིན་བར། དགེ་རྒན་དུས་ཆེན་ཐེངས42པ་སླེབས་ལ་ཉེ་བའི་སྐབས་འདིར། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་སྔ་རྗེས་སུ་ཁུལ་གཏོགས་མཐོ་རིམ་སློབ་འབྲིང་ཁག་ཅིག་ཏུ་སོང་ནས་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་གནང་བ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ཏེ་ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་ལ་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་སློབ་གསོའི་སྒྲུབ་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྲོལ་བཟང་དར་སྤེལ་དང་། ཀུན་སྤྱོད་ལེགས་སྐྱོང་དང་མི་སྣ་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ནས་མི་དམངས་ཀྱི་ཡིད་ཚིམ་པའི་སློབ་གསོ་ལེགས་པོ་གཉེར་ཐུབ་པར་འབད་པ་བྱ་དགོས་ཞེས་ནན་གྱིས་བསྟན།

ScreenShot_2026-09-10_141231_162.png

ཞུང་ཡོན་ལའེ་སྔ་རྗེས་སུ་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མཐོ་རིམ་སློབ་འབྲིང་དང་། ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ། ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ། ཁུལ་མཐོ་རིམ་སློབ་འབྲིང་བཅས་སུ་སོང་ནས་སློབ་གྲྭའི་ཁོར་ཡུག་དང་།སློབ་གསོའི་སློབ་ཁྲིད། དགེ་རྒན་དཔུང་སྡེ།   ཏང་འཛུགས་སྐྱོང་གི་སྣེ་ཁྲིད། བདེ་འཇགས་དོ་དམ་སོགས་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་བ་དང་ཕུལ་བྱུང་དགེ་རྒན་དང་། ཕུལ་བྱུང་འཛིན་བདག  དཀའ་ངལ་ཡོད་པའི་ལས་བཟོ་པ། ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་དང་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དགེ་རྒན་འཐུས་ཚབ་བཅས་ལ་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་། ཁོ་ཚོའི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་ནས་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་ལ་ནན་གྱིས་ཉན་པ་དང་། ཚང་མས་སློབ་གསོར་གཞི་ཚུགས་ནས་བློ་རྩེ་གཅིག་སྒྲིམ་གྱིས་དཔེ་ཁྲིད་གཤིས་སྐྱོང་གི་བྱས་པའི་སྙིང་སྟོབས་ལ་ཁས་ལེན་གང་ལེགས་གནང་བ་རེད།ཁོས་དགེ་རྒན་ནི་སྤྱི་ཚོགས་ཀྱི་བརྩི་བཀུར་བྱ་ཡུལ་དང་མི་རྣམས་ཀྱིས་ཡིད་སྨོན་ཤོར་སའི་ལས་རིགས་ཤིག་ཡིན་ཞིང་། དགེ་རྒན་བཟང་པོ་ནི་མེ་ལོང་ནང་བཞིན་སློབ་མའི་མ་འོངས་པ་མཐོང་ཐུབ་པས་སློབ་མའི་མི་ཚེ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཚང་མས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པ་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱས་ནས། བྱ་བར་བརྩོན་པ་དང་བློ་རྩེ་གཅིག་སྒྲིམ་སྒོས་གཞན་ལ་སློབ་སྟོན་དང་རང་ལ་མིག་དཔེ་བསྟན་ཏེ་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་ཕུལ་བྱུང་ཤེས་ལྡན་མི་སྣ་སྔར་ལས་མང་པོ་སྐྱེད་སྲིང་བྱ་དགོས་ཞེས་བསྟན་ཡོད།

0a133a92bbb6320e551dfdc6cbd8cfa0-o.jpg

ཞུང་ཡོན་ལའེ་ཡིས་སློབ་གསོའི་བྱ་བ་ནི་གཟི་བརྗིད་ཆེ་ལ་འགན་འཁྲི་ཡང་ལྕི་པས། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་དམིགས་ཏེ། ཁ་གཏད་རོགས་སྐྱོར་དང་གཞོགས་འདེགས་བྱེད་པ་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས། སློབ་དཔྱོད་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་སློབ་གཉེར་ཆུ་ཚད་མཐོ་རུ་བཏང་ནས། སློབ་མ་དེ་བས་མང་པོས་ཤེས་བྱར་བརྟེན་ནས་ལས་དབང་བསྒྱུར་བ་དང་འཚར་ལོངས་འབྱུང་བ། རྐང་འཛིན་མི་སྣར་འགྱུར་བར་བཅས་བྱ་དགོས། སློབ་རའི་འདུ་ཤེས་འཛིན་སྟངས་ནན་སྲུང་དང་། སློབ་གསོ་དང་ཆོས་ལུགས་ལོགས་དགར་བའི་རྩ་དོན་ལག་བསྟར་དོན་འཁྱོལ་དང་། སློབ་གྲྭའི་དགེ་རྒན་གྱི་བྱ་བའི་ཁོར་ཡུག་ལེགས་པོ་སྲུང་སྐྱོང་་བྱས་ནས། བསམ་བློ་དང་ཆབ་སྲིད་སློབ་གསོ་དམ་འཛིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྦྱོང་དང་མི་སྣ་གསོ་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་སློབ་གསོ་དང་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་སློབ་མ་ཏང་དང་རྒྱལ་ཁབ། ཕ་ཡུལ་བཅས་ལ་དགའ་བའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་སྤྱོད་ཡོན་གཉིས་ལྡན་གྱི་དུས་རབས་གསར་པའི་མི་སྣ་སྔར་བས་མང་པོ་གསོ་སྐྱོང་བྱ་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། སློབ་གྲྭའི་ཏང་རྩ་འཛུགས་ཀྱི་གཙོ་གནད་འགན་འཁྲི་ནན་འཛིན་དང་། ཏང་འཛུགས་སྐྱོང་གི་བྱ་བ་དེ་སློབ་གཉེར་དང་སློབ་སྐྱོང་གི་བྱ་བ་སོ་སོའི་ཁྲོད་ཁྱབ་པར་བྱས་ནས་སློབ་གྲྭའི་སློབ་ཁྲིད་དང་དོ་དམ། བདེ་འཇགས་སོགས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། སློབ་གསོའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་སློབ་གསོ་པའི་སྙིང་སྟོབས་དར་སྤེལ་བྱས་ནས།སློབ་ཁྲིད་རིག་གནས་ཀྱི་ནང་དོན་སྔོག་འདོན་དང་བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་སྲུང་སྐྱོང་བྱས་ནས། སློབ་མའི་བློས་ཐུབ་ཀྱི་གྲོགས་པོ་དང་ལམ་སྟོན་པ། སློབ་མ་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས་ནས། སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་ཞིག་ཏུ་འགྱུར་བར་འབད་དགོས། དགེ་རྒན་གྱི་ཐོབ་ཐང་འགན་ལེན་སྲིད་ཇུས་དོན་འཁྱོལ་བྱས་ནས་དགེ་རྒན་གྱི་དཀའ་ངལ་སེལ་རོགས་བྱས་ཏེ། རྒྱ་ཆེའི་དགེ་རྒན་གྱི་སློབ་ཁྲིད་བྱེད་པའི་བརྩོན་སེམས་དང་རང་འགུལ་རང་བཞིན་དང་། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་དང་། བདེ་སྐྱིད་ཀྱི་ཚོར་སྣང་དང་གྲུབ་འབྲས་ཀྱི་ཚོར་སྣང་། གཟི་བརྗིད་ཀྱི་ཚོར་སྣང་བཅས་མཐོ་རུ་བཏང་ནས། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་སེམས་རྣལ་དུ་ཕབ་ནས་སློབ་གསོ་གཏོང་བ་དང་བློ་བདེ་པོའི་ངང་ནས་སློབ་ཁྲིད་བྱེད་ཐུབ་པར་བྱ་དགོས་ཞེས་ནན་གྱིས་བསྟན།

ScreenShot_2026-09-10_141214_923.png


ཚེ་བརྟན་སྒྲོལ་མ་དང་ཀྲང་ཅུན་ལུའུ། མཱ་ཞའོ་ཝའེ་བཅས་འཚམས་འདྲིའི་བྱ་འགུལ་ལ་ཞུགས།།

热门新闻

热门图库

热门排行