གནས་ཚུལ། 详情

མཚོ་ལྷོ་ཁུལ་གྱིས་སྟོན་བསྡུའི་ལས་ལ་འབད་དེ་གྲོང་གསེབ་དར་སྤེལ་ལ་ཤུགས་སྣོན་བྱས།

གསེར་ལྡན་སྟོན་གྱི་དུས་ཚིགས་སུ། སྟོན་གྱི་མཛེས་ཉམས་ཀུན་ནས་མངོན། མིག་སྔར། མཚོ་ལྷོ་ཁུལ་གྱི་ས་ཁུལ་སོ་སོ་རིམ་བཞིན་སྟོན་བསྡུའི་འགག་རྩའི་དུས་སུ་སླེབས་ཤིང་། ཞིང་ཁར་སོ་ནམ་གྱི་ལས་ལ་བྲེལ་ཞིང་། གཡུར་ཟའི་འབྲས་བུས་ཡོངས་སུ་གཏམས། ཁྲི་ཀ་རྫོང་ཀབ་རོན་གཞུང་ཤང་གི་གྲང་ཚལ་སྡེབ་ཚོང་དང་གཅིག་བསྡུས་སྒོས་ཁྲོམ་རར་བཀྲམས་པ་དང་། གུང་ཧོ་རྫོང་ཐང་སྐར་མ་གྲོང་བརྡལ་གྱི་འབྲུ་སྣུམ་དང་དཔལ་འབྱོར་ལོ་ཏོག་ལ་ལོ་ལེགས་བྱུང་བས། མི་རིགས་སོ་སོའི་མང་ཚོགས་ཀྱིས་དུས་ཚོད་དམ་འཛིན་གྱིས་གོ་རིམ་ལྡན་པའི་སྒོ་ནས་སྟོན་བསྡུའི་ལས་ལ་འབད་དེ། གྲོང་གསེབ་དར་སྤེལ་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

 ཁྲི་ཀ་རྫོང་ཀབ་རོན་གཞུང་ཤང་གི་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་སོང་བ་ན། མིག་ལམ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྔོ་ཚལ་མཐོང་ལ། ལྷག་པར་དུ་རྗེན་ཚལ་དང་ཀུང་ཚལ་སོགས་གྲང་ཚལ་གྱི་སྐྱེ་སྟོབས་བཟང་ཞིང་གཅིག་བསྡུས་ཀྱིས་བསྡུ་ལེན་བྱེད་པའི་དུས་སུ་སླེབས་ཡོད། ཞིང་པ་རྣམས་ཀྱིས་ཞིང་ཁར་སྔོ་ཚལ་བཏོག་པ་དང་། འདེམས་པ། ཐུམ་རྒྱག་པ་སོགས་ཀྱི་ལས་རིམ་རེ་རེ་བཞིན་གོ་རིམ་ལྡན་པའི་སྒོ་ནས་སྒྲུབ་བཞིན་ཡོད་ལ། ཞིང་ཁར་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས་འདུག

ཐུན་མོང་མ་ཡིན་པའི་མཐོ་སྒང་གི་གནམ་གཤིས་ཐོན་ཁུངས་ལ་བརྟེན་ནས། ཀབ་རོན་གཞུང་ཤང་གིས་འདེབས་འཛུགས་རྣམ་པ་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ། གྲང་ཚལ་དེ་གཞི་ཁྱོན་ཅན་དང་ཚད་གཞི་ཅན། ཞིབ་ཕྲ་ཅན་བཅས་ལ་འཕེལ་རྒྱས་སུ་བཏང་ཞིང་། དུས་མཚུངས་སུ་ཁྱིམ་གྱི་སྒོ་ཁར་ལས་ཞུགས་འབབ་འཕར་སྟེགས་བུ་བསྐྲུན་ནས། རང་ས་གནས་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་བསྡུ་ལེན་བྱས་ཏེ་ལས་ཞུགས་ཐུབ་པར་བྱས་པ་དང་། སྡེ་དམངས་ཚོ་ཞིང་སའི་དོ་དམ་སྲུང་སྐྱོང་དང་། སྔོ་ཚལ་བཏོག་པ།་སྔོ་ཚལ་རིགས་དགར་སོགས་ཀྱི་ནང་དུ་ཞུགས་ནས། ཁྱིམ་ལ་བདག་སྐྱོང་བྱེད་ཞོར་དུ་ཡོང་སྒོའང་བཙལ་བཞིན་ཡོད་པས། སྐྱེ་ཁམས་ཐོན་ཁུངས་ཀྱི་དགེ་མཚན་དེ་དམངས་ཕན་གྲུབ་འབྲས་སུ་བསྒྱུར་ཡོད།

 ཁྲི་ཀ་རྫོང་ཀབ་རོན་གཞུང་ཤང་སྦྲུལ་ལྕེ་སྡེ་བའི་སྡེ་མི་སྟག་ལྷས་བཤད་རྒྱུར། ཉེ་ལམ་ང་ཚོ་ཀབ་རོན་གཞུང་ཤང་གི་གྲང་ཚལ་ལ་ལོ་ལེགས་ཆེན་པོ་བྱུང་བས། ངས་ཉིན་རྒྱུན་ཚལ་ཞིང་ནང་དུ་སྔོ་ཚལ་བཏོག་ནས་རིགས་དགར་བྱེད་བཞིན་ཡོད་པ་དང་། ཕྱི་རོལ་དུ་ཞོར་ལས་གཉེར་དུ་འགྲོ་མི་དགོས་བས། ཁྱིམ་ལ་བདག་སྐྱོང་བྱེད་ཞོར་དུ་ཡོང་སྒོའང་བཙལ་ཐུབ་ཟེར།

སྔོ་ཚལ་ཐོན་ལས་ལ་ལོ་ལེགས་བྱུང་བ་དང་དུས་མཚུངས་སུ་གུང་ཧོ་རྫོང་ཐང་སྐར་མ་གྲོང་བརྡལ་གྱི་མུའུ་ཁྲི་ཡི་ཞིང་སར་ལོ་ལེགས་ཆེན་པོ་བྱུང་ཡོད་པ་དང་། རྒྱུས་ལོན་པ་ལྟར་ན། ད་ལོར་ཐང་སྐར་མ་གྲོང་བརྡལ་གྱིས་ཞིང་ས་མུའུ117823ལ་ཞིང་ལས་ལོ་ཏོག་བཏབ་ནས། འབྲུ་རིགས་དང་སྣུམ་རིགས། དཔལ་འབྱོར་སོགས་ཀྱི་ཞིང་ལས་ལོ་ཏོག་སྣ་ཚོགས་ལ་ལོ་ལེགས་བྱུང་ཞིང་། སྣ་མང་འདེབས་འཛུགས་ལས་ཞིང་ལས་ཐོན་སྐྱེད་བརྟན་པོའི་ངང་འཕར་བར་སྐུལ་འདེད་བྱས་ནས། གྲོང་བརྡལ་ཡོངས་ཀྱི་ཞིང་ལས་ཚད་མཐོའི་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་རྨང་གཞི་བརྟན་པོ་བཏིངས་ཡོད།

ལྗང་མདོག་གི་གསོན་ཤུགས་ཀྱིས་ཁེངས་པའི་སྔོ་ཚལ་རྟེན་གཞི་ནས་འབྲུ་རིགས་སྣ་ལྔའི་དྲི་ཞིམ་འཐུལ་བའི་ཡངས་པའི་ཞིང་སའི་བར། མཚོ་ལྷོ་ཁུལ་གྱི་ས་གནས་སོ་སོས་སྟོན་བསྡུའི་དུས་ཚོད་དམ་འཛིན་བྱས་ཏེ། ཡུལ་བབ་དང་བསྟུན་པའི་སྒོ་ནས་ཁྱད་ལྡན་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་སུ་བཏང་བས། ཞིང་སའི་ཐོན་འབབ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་མང་དུ་ཕྱིན་ནས། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པར་སྒུལ་ནུས་བསྩལ་ཡོད་པ་རེད།


热门新闻

热门图库

热门排行