རྒྱལ་ནང་། 详情

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སློབ་སྦྱོང་ཐེངས་ཉེར་གཅིག་པར་མགོ་འཛིན་མཛད།

   ཟླ9པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་ནང་རྒྱས་རྣམ་པའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ་ཆེད་དོན་སློབ་སྦྱོང་ཐེངས་ཉེར་གཅིག་པ་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སློབ་སྦྱོང་ལ་མགོ་འཛིན་གནང་།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་ནང་རྒྱས་རྣམ་པའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ། ཆེད་དོན་སློབ་སྦྱོང་ཐེངས་ཉེར་གཅིག་པ་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སློབ་སྦྱོང་ལ་མགོ་འཛིན་གནང་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་གསར་སྒྱུར་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཇུས་ཆོད་བཀོད་སྒྲིག་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱུན་མཐུད་རང་བཞིན་གྱི་གྲོང་ཁྱེར་གསར་སྒྱུར་མ་དཔེ་འཛུགས་དགོས་ལ། གྲོང་ཁྱེར་གྱི་གྲུབ་ཚུལ་ལེགས་སྒྱུར་དང་། བྱེད་ནུས་འཐུས་ཚང་། རིག་གནས་རྒྱུན་མཐུད། སྤུས་ཚད་མཐོར་འདེགས་བཅས་ཡོང་བར་སྐུལ་སྤེལ་བཏང་སྟེ། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་ལས་ལྷག་པའི་སྒོ་ནས་སྐོང་དགོས།

   ཀྲུང་གོའི་གྲོང་ཁྱེར་འཆར་འགོད་སློབ་ཚོགས་ཀྱི་ལས་འཛིན་མགོ་གཙོ་དབྱང་པའོ་ཅོན་གྱིས་འགྲེལ་བཤད་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་དང་། ཧི་ལེ་ཧྥུན། རྒྱལ་སྲིད་ཨུ་ཡོན་ཝུའུ་ཀྲིན་ལུང་བཅས་ཀྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་གནང་། 

   ལི་ཆང་གིས་འགྲེལ་བཤད་དང་བསམ་བློ་བརྗེ་རེས་གཏམ་བཤད་ལ་གསན་རྗེས། ལག་ལེན་ཁྲོད་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། མི་རྩ་བར་འཛིན་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། མི་དམངས་ཀྱི་གྲོང་ཁྱེར་འདུ་ཤེས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཐོན་ཁུངས་ཡག་ཤོས་མི་དམངས་ལ་སྤྲད་དེ་བསྒྱུར་བཀོད་ཀྱི་སྤྱི་པའི་བར་སྟོང་དང་སྐྱེ་ཁམས་ཐོན་ཁུངས་སོགས་ཀྱིས་སྔོན་ལ་དམངས་འཚོའི་དགོས་མཁོ་སྐོང་བར་སྤྱོད་དགོས། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་དམིགས་བསལ་གྱི་གནས་བབ་ཐོག་བཞག་ནས། དངོས་ཐོག་བདེན་འཚོལ་གྱི་བྱེད་ཐབས་ལ་བརྟེན་ནས་སྡོད་ཁང་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས། གྲོང་ཁྱེར་གསར་སྒྱུར་ལག་ལེན་གྱི་ནང་དོན་ཁོང་དུ་ཡང་དག་ཆུད་པར་བྱས་ནས། གནོད་འགོག་གནོད་སེལ་གྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ་དང་། གནོད་འཚེ་སྣ་ཚོགས་ལ་འགོག་ཟོན་དང་ཧུར་ཐག་གིས་ཁ་གཏད་འཇལ་དགོས། གཞིས་སྡོད་དང་ལས་རིགས་ལ་འཚམ་པའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་ནས། གྲོང་ཁྱེར་གྱི་བྱེད་ནུས་སྤུས་ཚད་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། གྲོང་ཁྱེར་གྱི་ཁྱད་ཆོས་ལྡན་པའི་རྣམ་པ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་མཛེས་ལྗོངས་ཀྱི་རྣམ་པ་དང་ལོ་རྒྱུས་ཀྱི་རིག་གནས་རྒྱུན་འཛིན་ལ་སྲུང་སྐྱོང་བྱས་ནས་གྲོང་ཁྱེར་གྱི་དྲན་ཤེས་རྒྱུན་འཛིན་བྱེད་དགོས།

ལི་ཆང་གིས་ནན་གྱིས་བསྟན་དོན། གྲོང་ཁྱེར་གསར་སྒྱུར་ནི་རྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན། ངེས་པར་དུ་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། སྒྲིལ་ཤུགས་ཆེན་པོ་གཅིག་ཏུ་གྲུབ་དགོས། སྲིད་གཞུང་གི་དངུལ་གཏོང་མང་དུ་བཏང་སྟེ། བདག་རྐྱེན་ཐོན་ཁུངས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་གྲྭའི་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཁྲོམ་རའི་སྟོབས་ཤུགས་ཀྱི་བྱེད་ནུས་སྔར་ལས་ལྷག་པའི་སྒོ་ནས་འདོན་སྤེལ་བྱས་ཏེ། སྣ་མང་ཅན་དང་རྒྱུན་མཐུད་ཅན་གྱི་དངུལ་གཏོང་དང་མ་དངུལ་བསྡུ་སྒྲིལ་བྱེད་པའི་མ་ལག་འཛུགས་དགོས། འཆར་འགོད་དང་། ས་ཞིང་། ནོར་ཁྲལ། དངུལ་རྩ་སོགས་ཐད་ཀྱི་འབྲེལ་ཡོད་སྲིད་ཇུས་དང་། བཅའ་ཁྲིམས་ཁྲིམས་སྲོལ། ཚད་གཞི་ཚད་ལྡན་བཅས་དགོས་མཁོ་ལྟར་དུས་ཐོག་ཏུ་ལེགས་སྒྲིག་དང་ཚད་ལྡན་དུ་གཏོང་དགོས། །


热门新闻

热门图库

热门排行