གཙོ་གནད། 详情

ཐེངས་ཞེ་གཉིས་པའི་དགེ་རྒན་དུས་ཆེན་བསླེབས་ལ་ཉེ་བའི་སྐབས་འདིར་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་སྨོན་འདུན་དང་འཚམས་འདྲི་ཞུས་པ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེངས་ཞེ་གཉིས་པའི་དགེ་རྒན་དུས་ཆེན་བསླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་སྨོན་འདུན་དང་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། དུས་ཡུན་རིང་པོའི་ནང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱས་ཤིང་། སློབ་གསོའི་ལས་དོན་ལྷུར་རུ་བླངས་ནས་མི་གཞི་གསོ་སྐྱོང་ལ་འབད་པ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཆེད་དུ་བྱས་རྗེས་གལ་ཆེན་བཞག་ཡོད།

   ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱང་སྐྱོད་གསར་པའི་བགྲོད་ལམ་སྟེང་། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཏང་ལ་མི་གསོ་སྐྱོང་དང་རྒྱལ་ཁབ་ལ་འཇོན་མི་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་ཡིད་ལ་དམ་པོར་བཅིངས་ནས། ཀུན་སྤྱོད་ཀྱིས་མི་གཞི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དངོས་འབེབས་བྱེད་པ་དང་། ཤུགས་ཆེན་པོས་སློབ་གསོ་པའི་སྙིང་སྟོབས་དར་སྤེལ་གཏོང་བ། བླ་མེད་ཀྱི་དགེ་རྒན་གྱི་ཀུན་སྤྱོད་སྲུང་འཛིན་བྱེད་པ། ཆེད་ལས་བྱང་ཚད་དང་ནུས་པ་མཐོར་འདེགས་གཏོང་བ་བཅས་ཀྱི་སྒོ་ནས་ཧུར་ཐག་གིས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་མོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་བ་གསོ་སྐྱོང་བྱ་རྒྱུའི་རེ་བ་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སློབ་གསོའི་དཔུང་སྡེ་འཛུགས་སྐྲུན་ལ་མཐོང་ཆེན་དང་ཤུགས་སྣོན་བྱས་ཏེ། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་ལེགས་པོ་བསྐྲུན་པ་དང་། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། །


热门新闻

热门图库

热门排行