ཞི་ཅིན་ཕིང་གིས་ཁྲའོ་ཞན་གྱི་ལོ་ངོ78འཁོར་བའི་རྒྱལ་སྟོན་ཐད་ནས་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་གྱི་ལོ་ངོ78འཁོར་བའི་རྒྱལ་སྟོན་ཐད་ནས་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ78རིང་ཁྲའོ་ཞན་ངལ་རྩོལ་ཏང་གི་མགོ་ཁྲིད་འོག ཁྲའོ་ཞན་མི་དམངས་ཀྱིས་རང་སྟོབས་རང་སྤེལ་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཁྲའོ་ཞན་གྱི་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ། དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། འཕེལ་རྒྱས་ཀྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པར་ཀྲུང་གོ་ཕྱོགས་ཀྱིས་སྙིང་དབུས་ནས་དགའ་སྤྲོ་སྐྱེས་བཞིན་ཡོད། སྤུན་ཟླའི་ཁྲའོ་ཞན་མི་དམངས་ཀྱིས་ངལ་རྩོལ་ཏང་གི་ཚོགས་ཆེན་དགུ་པའི་ཐོག་བཏོན་པའི་དམིགས་ཚད་དང་ལས་འགན་མངོན་འགྱུར་ཐུབ་ངེས་ཡིན་པ་དང་། ཏང་དང་རྒྱལ་ཁབ་འཛུགས་སྐྲུན་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ནི་ཕན་ཚུན་རོགས་རམ་དང་ལས་དབང་མཉམ་གནས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་སྲ་བརྟན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་བྱེད་ཕྱོགས་ཡིན། ད་ལོའི་ཟླ6པར་ངས་ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་གནང་ནས། ཁྱེད་དང་སླར་ཡང་ཐུག་འཕྲད་གནང་སྟེ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་ཞིག་བཏོད་ཡོད། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་སྣེ་ཁྲིད་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། ལག་གདང་སྦྲེལ་ནས་རང་སོ་སོའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་དང་མཛའ་གྲོགས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་འབུལ་འདོད་ཡོད། །