མཚོ་སྔོན་མཚོ་ལྷོས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་རྩོད་གཞི་འདུམ་འགྲིག་གི་བྱེད་ཐབས་ལེགས་པོ་ཞིག་བཏོན།
ད་ལོའི་ཚུན་དུ།མཚོ་སྐོར་རིག་གནས་ཡུལ་སྐོར་ཇེ་ལེགས་སུ་སོང་བ་བསྟུན་ནས་ཡུལ་སྐོར་དང་འབྲེལ་བའི་རྩོད་གཞི་ཇེ་མང་དུ་ཕྱིན་པ་དང་།དོ་བདག་འགྲོ་འོང་མང་བ།ཐག་གཅོད་བྱེད་སྐབས་ཀྱི་དུས་ཚོད་དང་དེ་བཞིན་བླང་བྱ་མཐོ་དྲགས་པ་སོགས་ཀྱི་དངོས་ཡོད་དཀའ་གནད་ལ་དམིགས་ཏེ།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲིམས་འཛིན་ཅུའུ་ཡིས་རྫོང་ཁག་གི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ནས།ཁྱད་ལྡན་འདུམ་འགྲིག་དང་།རྒྱུན་འཁོར་ཞབས་ཞུ།གྲངས་འཛིན་ནུས་སྤྲོད་བཅས་ཀྱི་འདུམ་འགྲིག་མ་ལག་ཆེན་པོ་གསུམ་བསྐྲུན་པ་དང་།ཡུལ་སྐོར་རྩོད་གཞི་ཐག་གཅོད་བྱེད་སྐབས་ཀྱི་མྱུར་ཚད་དང་།ཞུགས་སྒོ་མགྱོགས་པ།ཐག་གཅོད་མྱུར་བ་བཅས་ལ་དམ་པོར་དམིགས་ནས་ཡུལ་སྐོར་བ་དང་ས་གནས་དེ་གའི་གཉེར་སྐྱོང་བྱེད་པོའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱས་ཏེ་ཡུལ་སྐོར་རྩོད་གཞི་འདུམ་འགྲིག་གི་བྱེད་ཐབས་ལེགས་པོ་ཞིག་བཏོན།
རྒྱུས་ལོན་བྱུང་བ་ལྟར་ན།དེ་སྔ་བདག་སྤྲོད་ཁ་ཐོར་དང་མང་ཚོགས་ཀྱི་དཀའ་གནད་ལ་དམིགས་ཏེ།མཚོ་ལྷོ་ཁུལ་གྱིས་ཕྱོགས་བསྡུས་བདག་སྤྲོད་དང་།ཁག་བགོས་མངགས་གཏོང་།ཆེད་ལས་འདུམ་འགྲིག ཁྲིམས་འཛིན་ངོས་འཛིན་བཅས་ཀྱི་སྒྲོམ་གཞི་བཙུགས་ནས་སྟབས་བདེའི་རྩོད་གཞི་ཐད་ཐེངས་གཅིག་ལ་ཤེས་སུ་འཇུག་པ་དང་སྟེགས་བུ་གཅིག་ནས་སྒྲུབ་པའི་བྱ་བ་ཁྱབ་གདལ་དུ་བཏང་སྟེ་ཁེ་དབང་སྲུང་བའི་མ་རྩ་ཇེ་དམའ་རུ་གཏོང་གང་ཐུབ་བྱས་ཡོད།
ད་ལོའི་ཟླ5པར་གུང་ཧོ་རྫོང་གིས་དྲ་ཐོག་ནས་འདུམ་འགྲིག་གྲོས་མཐུན་གྱི་གྱོད་གཞི་ཐོག་མ་ཐག་གཅོད་བྱས་ལ། ས་ཆ་གཞན་དུ་ཁེ་དབང་སྲུང་དཀའ་བའི་དཀའ་གནད་ལ་དམིགས་ནས་གྲངས་འཛིན་ཅན་གྱི་འདུམ་འགྲིག་ལ་སྐུལ་འདེད་བཏང་བ་དང་།འདུམ་འགྲིག་བྱ་བ་ཡུལ་དངོས་ནས་དྲ་ཐོག་ཏུ་སྒྲུབ་ཐུབ་བྱས་ཏེ་དྲ་ཐོག་ནས་རྒྱང་བསྟེན་འདུམ་འགྲིག་བྱེད་པའི་བྱ་ཐབས་བཏོན་པ་དང་།འཕྲིན་ཕྲན་བརྒྱུད་ནས་ཞིབ་དཔྱད་དང་གྲོས་བསྡུར།གློག་རྡུལ་མིང་རྟགས་བརྒྱབ་སྟེ།འགྲོ་ལུགས་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོ་གྲངས་འཛིན་ཅན་གྱི་ཡིག་ཚགས་ནང་བཅུག་པ་དང་།མིག་སྔར་ཁུལ་ཡོངས་སུ་ཡུལ་དངོས་འདུམ་འགྲིག་དང་དྲ་ལམ་འདུམ་འགྲིག་གི་བྱ་ཐབས་གཉིས་གྲུབ་ཡོད།