སྲིད་དོན། 详情

མཚོ་ལྷོ་ཁུལ་སྐབས་བཅུ་དྲུག་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཟླ9པའི་ཚེས8ཉིན། མཚོ་ལྷོ་ཁུལ་སྐབས་བཅུ་དྲུག་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་ཁུལ་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚེ་བརྟན་སྒྲོལ་མས་ཚོགས་འདུར་མགོ་འཛིན་གནང་བ་དང་། ཀྲུའུ་རེན་གཞོན་པ་ཀུན་བཟང་པདྨ་རྣམ་རྒྱལ། མཱ་ཧྲའོ་ཧྥུའུ། ཀྲུའུ་ལིན། དཀོན་མཆོག་སྐྱབས། དེ་མིན་དྲུང་ཡིག་ཆེན་མོ་ཝང་ཀུའོ་ཞུན་དང་ཨུ་ཡོན་བཅས་ཁྱོན་བསྡོམས་མི44ཚོགས་འདུར་ཞུགས།

 ཚོགས་འདུ་ལས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གྲོས་གཞིར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཚོགས་འདུ་ལས་ཞིང་ཞའོ་ཧྥང་དང་མཱ་ཅན་ཧུང་། ཀརྨ་ཕུན་ཚོགས། དབང་ཕྱུག འབྲུག་འབུམ་རྒྱལ། སུང་ཀའོ་ཧུང་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་འཐུས་མིའི་ལས་འགན་དགོངས་ཞུ་བྱས་པའི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། ཚེ་བརྟན་སྒྲོལ་མ་དང་དོན་གྲུབ། ཀྲང་ཡོའུ་ཆང་། ཨན་ནཱ། ཀྲའོ་པང་ཆིན་བཅས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བདམས་པ་དང་། ཁུལ་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག་གི་འགན་འཁུར་བ་གཙོ་བོ་བསྐོ་གཞག་བྱེད་པར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བར་མ་ཟད་གསར་དུ་བསྐོ་གཞག་བྱས་པའི་བློ་མཐུན་ལ་བསྐོ་གཞག་ཡི་གེ་སྤྲད་པ་དང་རྩ་ཁྲིམས་ཀྱི་དམ་བཅའ་བཞག

ཚེ་བརྟན་སྒྲོལ་མས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དག་གིས་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་དགོས་ཏེ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག ཡིད་ཆེས་བཞི་ཇེ་བརྟན། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བཅས་བྱས་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་སྒོས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག ཁུལ་ཨུའི་བྱ་བའི་བླང་བྱ་བཅས་ཇི་མ་ཇི་བཞིན་གྱིས་དོན་འཁྱོལ་བྱ་དགོས་པ་དང་། ཏང་གི་མགོ་ཁྲིད་དེ་དམངས་ཆེན་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཡོངས་ལ་འདྲེས་པར་བྱེད་པ་དང་། ཁུལ་ཨུའི་བསམ་ཕྱོགས་དང་མང་ཚོགས་ཀྱི་འདོད་བློ་དེ་ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་གྱི་ཐུན་མོང་ཕུགས་འདུན་དུ་བསྒྱུར་ནས། དམངས་ཆེན་བྱ་བའི་ཁ་ཕྱོགས་ཡང་དག་ཅིང་བྱེད་ཐབས་ལེགས་པ། མི་དམངས་ཡིད་ཚིམ་པ་བཅས་འགན་སྲུང་བྱ་དགོས། ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་དགོས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་འཐུས་ཚང་དང་རྒྱུན་འཁྱོངས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས། རང་འགུལ་ངང་འཐུས་མིའི་བཅའ་ཁྲིམས་དང་ས་གནས་རྩ་འཛུགས་བཅའ་ཁྲིམས། ལྟ་སྐུལ་བཅའ་ཁྲིམས་སོགས་འགན་ནུས་སྒྲུབ་པར་ངེས་པར་དུ་མཁོ་བའི་བཅའ་ཁྲིམས་ལ་སློབ་སྦྱོང་བྱ་དགོས་པ་མ་ཟད། དཔལ་འབྱོར་དང་དམངས་ཚིས། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ལས་སྒོའི་ཤེས་བྱར་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སློབ་སྦྱོང་གི་ཁྲོད་དུ་བྱ་བ་སྒྲུབ་པ་དང་། བྱ་བའི་ཁྲོད་དུ་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱས་ནས། འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས།  སྤྱོད་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་དགོས་ཏེ། དུས་ནམ་ཡང་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་དུ་བསྟར་ནས། མང་ཚོགས་ཀྱི་སེམས་འདུན་དེ་བྱ་བ་གཙོ་བོར་བརྩི་བ་དང་། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཚད་གཞིར་བཟུང་ནས་མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ་དང་། རྟག་ཏུ་གཞི་རིམ་གྱི་ཡུལ་དངོས་དང་ཞིང་ཁ། མང་ཚོགས་ཀྱི་ཁྱིམ་ཚང་བཅས་སུ་ཟབ་ཞུགས་བྱས་ཏེ། དམངས་ཀྱི་སེམས་འདུན་ལ་ཉན་པ་དང་འདོད་བློ་བསྡུ་ལེན་བྱེད་པ། དམངས་ཀྱི་བློ་གྲོས་གཅིག་ཏུ་བསྒྲིལ་བ། དམངས་ཀྱི་སེམས་ཁྲལ་ཐག་གཅོད་བྱེད་པ་བཅས་བྱས་ཏེ། དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་གོ་གནས་ཡོད་པ་དང་། འགན་འཁྲི་ཡོད་པ། ཟིལ་ཤུགས་ཡོད་པ་བཅས་ཀྱི་སྣང་བརྙན་བཟང་པོ་མངོན་པར་བྱས་ཏེ། དུས་རབས་གསར་པའི་འགན་འཁྲི་འཁུར་ཕོད་པ་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་དམངས་ཆེན་འཐུས་མི་ཞིག་བྱ་དགོས།

སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་བྱ་དགོས་ཏེ། འཐུས་མིའི་འགན་འཁྲི་དོན་འཁྱོལ་དང་རང་འཁྲིའི་བྱ་བའི་དབར་གྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱས་ནས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་དུས་ལྟར་ཞུགས་དགོས་པ་དང་། གྲོས་ཞིབ་ཁྲོད་ཞུགས་ནས་ཐབས་འདོན་ཇུས་འབུལ་བྱ་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་པའི་རྟོག་ཞིབ་ཞིབ་འཇུག་དང་ལྟ་ཞིབ། ཁྲིམས་བསྟར་ཞིབ་བཤེར་བྱེད་པ་སོགས་ཀྱི་འགན་སྒྲུབ་བྱ་འགུལ་ལ་རང་འགུལ་གྱིས་ཞུགས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། སྒྲིག་ཁྲིམས་ལ་བཀུར་བ་དང་རྩ་འཛུགས་ལ་བཀུར་བ། མི་དམངས་ལ་བཀུར་བ། སྤྱོད་གཙང་རང་གཅུན་གྱི་སྒོ་ནས་གཏན་འབེབས་ཁག་བརྩི་སྲུང་ནན་མོ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱིས་སྤྲད་པའི་དབང་ཆ་དེ་དུས་ནམ་ཡང་དམངས་ཀྱི་ཆེད་དུ་སྤྱོད་པ་དང་དམངས་ཀྱི་དོན་དུ་གཉེར་བར་འགན་ལེན་བྱ་དགོས་ཞེས་བླང་བྱ་བཏོན། 


热门新闻

热门图库

热门排行