མཚོ་ལྷོ་ཁུལ་གྱིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
ཟླ9པའི་ཚེས་4ཉིན་མཚོ་ལྷོ་ཁུལ་གྱིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཚུན་གྱི་ཁུལ་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་དང་བདེ་ཐང་མཚོ་ལྷོ་འཛུགས་སྐྲུན་གྱི་ཕན་འབྲས་ལ་ཕྱོགས་སྡོམ་དང་ཞན་ཆར་དབྱེ་ཞིབ་བྱས་ནས་དུས་རིམ་རྗེས་མའི་ལས་འགན་བཀོད་སྒྲིག་བྱས་ཤིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་བློ་མཐུན་ཕན་ལེ་ཡུན་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་བ་དང་། རྫོང་སོ་སོའི་སྲིད་གཞུང་དང་ཁུལ་གྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཤིང་། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ལས་དོན་སྙན་ཞུ་ཕུལ་བ་དང་། ཁྲི་ཀ་རྫོང་སྲིད་གཞུང་དང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ། ཁུལ་ཞིང་ཕྱུགས་ཅུའུ་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་།
ཚོགས་འདུ་ལས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་གཏོང་བ།གཞི་རིམ་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་བཅས་སྐོར་གྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཀོད་སྒྲིག་གལ་ཆེན་ལ་ཕྱོགས་ཡོངས་ནས་དམིགས་པ་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྐོར་གྱི་རྒྱལ་ཁབ་དང་ཞིང་ཆེན། རང་སྐྱོང་ཁུལ་བཅས་ཀྱི་བྱ་བའི་བླང་བྱ་ཁག་དོན་འཁྱོལ་གཏིང་ཟབ་བྱེད་པ། ས་ཁོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཁྱོན་ཡོངས་ལ་རྐང་འཛུགས་པ། ཞན་ཆར་དམིགས་པ་དང་གནད་ལ་འཁེལ་བའི་སྒོ་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་འགག་སྒྲོལ་བྱེད་པ།བརྒྱུད་རིམ་ལྡན་པའི་བསམ་གཞིགས་དང་རྒྱུན་རྣམ་ཅན་གྱི་བྱེད་ཐབས།ས་ཁོངས་ཧྲིལ་པོ་ཅན་གྱི་བཅོས་སྐྱོང་བཅས་ལ་བརྟེན་ནས་དུས་རབས་གསར་པའི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ། བདེ་ཐང་མཚོ་སྔོན་དང་བདེ་སྐྱིད་མཚོ་ལྷོ་འཛུགས་སྐྲུན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བར་འབད་བརྩོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ས་གནས་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་འཕྲོད་བསྟེན་བདེ་ཐང་གི་འགན་སྲུང་བརྟན་པོར་གཏོང་དགོས། ལམ་སྲོལ་འཛུགས་སྐྱོང་ལ་བརྟེན་ནས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགན་འཁྲིར་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱ་དགོས། དུས་དང་རྣམ་པ་ཀུན་ཏུ་བདེ་ཐང་སྲིད་ཇུས་མཐའ་དག་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་འདྲེས་པར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དངོས་གཞི་ཅན་གྱི་འཁོར་སྐྱོད་དང་རིམ་པ་ཅན་གྱི་དོན་འཁྱོལ། སྡེ་ཚན་མང་པོ་མཉམ་འབྲེལ་བཅས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་དགོས་ཏེ། ཁུལ་དང་རྫོང་། ཤང་དང་སྡེ་བ་བཅས་རིམ་པ་བཞིའི་བྱ་བའི་སྒྲིག་གཞི་མུ་མཐུད་དུ་ཚད་ལྡན་དུ་བཏང་ནས། གཞི་རིམ་གྱི་བྱ་བའི་ནུས་པ་ཆ་ཚང་ཞིང་སྟོབས་ལྡན་དུ་གཏོང་བ་དང་། ལས་གནས་ཀྱི་འགན་འཁྲི་ཞིབ་ཕྲར་བཟོ་བ། བྱ་བའི་གོ་རིམ་ལྟར་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། གོང་འོག་མཉམ་འབྲེལ་དང་འགན་དབང་གསལ་བོ། མཉམ་ལས་ནུས་ལྡན་བཅས་ཀྱི་བྱ་བའི་རྣམ་པ་ཞིག་ཆགས་པར་བྱས་ཏེ། བྱ་བ་སོ་སོའི་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་པར་ཁག་ཐེག་བྱ་དགོས། ས་ཁོངས་ཡོངས་ལ་བཅོས་སྐྱོང་བྱས་ནས་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་། མཁར་ཤང་གཞི་གཅིག་ཅན་ལ་བརྟེན་ནས་ཞན་ཆ་གསབ་དགོས་ཏེ། འཆམ་མཛེས་ཞིང་སྡེ་འཛུགས་སྐྲུན་གྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། མཁར་ཤང་དང་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་སྡོད་ཁོར་ཡུག་གི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་བྱ་བ་རྒྱུན་རྣམ་ཅན་དུ་སྤེལ་ནས། མཁར་ཤང་མི་སྡོད་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས། བདེ་ཐང་དྲིལ་སྒྲོག་དང་སློབ་གསོར་བརྟེན་ནས་སྲོལ་གསར་གཏོད་པ་དང་། གནད་འཁེལ་སྔོན་འགོག་དང་ཚོད་འཛིན་ལ་བརྟེན་ནས་དམངས་འཚོར་འགན་སྲུང་བྱ་དགོས་ཏེ། སྔོན་འགོག་གཙོར་འཛིན་པ་དང་བདེ་ཐང་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ནས། ཁྱབ་ཁོངས་ཡོངས་ཀྱི་བདེ་ཐང་ཚན་རིག་ཁྱབ་སྤེལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། མཐོ་སྒང་གི་ནད་རིགས་དང་དལ་ནད། འགོས་ནད་བཅས་དང་དེ་བཞིན་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་དགོས་མཁོར་དམིགས་ནས། རྒྱུན་དུ་གནད་འཁེལ་ཅན་གྱི་བདེ་ཐང་ཐེ་གཏོགས་ཞབས་ཞུ་མཁོ་འདོན་བྱ་དགོས། སྤྱི་བའི་འཕྲོད་བསྟེན་གྱི་ལྟ་ཞིབ་སྔོན་བརྡ་གཏོང་བ་དང་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ལམ་ལུགས་འཐུས་ཚང་དུ་གཏོང་བ།ས་གནས་རང་བཞིན་གྱི་ནད་རིགས་དང་འགོས་ནད་ཀྱི་སྔོན་འགོག་ཚོད་འཛིན་བདེ་འཇགས་འགན་ལེན་བྱ་བ་ལེགས་པོར་སྒྲུབ་ནས།མི་ཚེའི་བདེ་ཐང་ཞབས་ཞུ་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ།རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་གི་ཐོབ་སྣང་དང་བདེ་སྣང་།སྐྱིད་སྣང་བཅས་མཐོར་འདེགས་སུ་གཏོང་དགོས།དཔེ་སྟོན་གསར་སྐྲུན་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་དང་། བདེ་ཐང་གི་སྒུལ་ཤུགས་ལ་བརྟེན་ནས་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས་ཏེ། ཞིང་ཆེན་ཡོངས་ཀྱི་བདེ་ཐང་གྲོང་ཁྱེར་དང་གྲོང་བརྡལ་གསར་སྐྲུན་གྱི་ཚད་གཞིར་ནན་མོར་གཞིགས་ནས། ས་ཁོངས་ཡོངས་སུ་བདེ་ཐང་གི་ཕྲ་ཕུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། བདེ་ཐང་གི་འདུ་ཤེས་དང་བདེ་ཐང་གི་ཚད་གཞི་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་འཛུགས་སྐྲུན་དང་། དམངས་ཚིས་ལས་གཞིར་སྐུལ་འདེད་གཏོང་བ། གཞི་རིམ་བཅོས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཡོངས་ལ་ཕྱོགས་ཡོངས་ནས་འདྲེས་པར་བྱ་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དེ་སྲོལ་རྒྱུན་གྱི་ཁོར་ཡུག་བཅོས་སྐྱོང་ནས་ས་ཁོངས་ཡོངས་ཀྱི་སྤྱི་ཚོགས་བདེ་ཐང་ཕྱོགས་བསྡུས་བཅོས་སྐྱོང་དུ་བསྒྱུར་བར་སྐུལ་འདེད་གཏིང་ཟབ་བྱས་ནས། དཔེ་སྟོན་གསར་སྐྲུན་ལ་བརྟེན་ནས་ས་ཁོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྣེ་ཁྲིད་བྱ་དགོས། གཞི་རིམ་རྨང་གཞི་བརྟན་པོར་གཏོང་བར་བརྟེན་ནས་ནུས་ཤུགས་གཅིག་སྒྲིལ་བྱེད་པ་དང་།མཉམ་འདྲེས་མཉམ་བཅོས་ལ་བརྟེན་ནས་རྣམ་པ་གསར་པ་གཏོད་དགོས་ཏེ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་དང་།ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུ་མ་ལག་མུ་མཐུད་དུ་བརྟན་པོར་གཏོང་བ།འབྲོག་ཁུལ་གྱི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ཞན་ཆ་གསབ་པ། གཞི་རིམ་གྱི་ནད་བརྟག་སྨན་བཅོས་དང་རྒྱང་བསྟེན་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་དགོས། གཞི་རིམ་རང་སྐྱོང་རྩ་འཛུགས་དང་། དང་བླངས་ཞབས་ཞུ། མང་ཚོགས་བཅས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་གཅེས་འཕྲོད་བསྟེན་ལས་དོན་དེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བྱས་ནས། དམངས་ཡོངས་ཞུགས་པ་དང་ས་ཁོངས་ཡོངས་ཀྱིས་མཉམ་སྐྲུན་བྱེད་པའི་རྣམ་པ་གསར་པ་ཞིག་གཏོད་དགོས་ཞེས་ནན་གྱིས་བསྟན།