《ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་རགས་བཤད》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་དེབ་དང་སློབ་ཁང་། མི་སེམས་སུ་བསྐྱོད་པར་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་རྩོམ་སྒྲིག་བྱས་པའི་མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལས་གྲྭའི་གཙོ་གནད་སློབ་དེབ《ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་རགས་བཤད》(གཤམ་དུ་བསྡུས་མིང་ལ《རགས་བཤད》ཞེས་བརྗོད་རྒྱུ)ཞེས་པའི་དཔེ་དེབ་དེ་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་མཐོ་ཚད་ནས་མགོ་བཙུགས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་ཁྲོད་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གལ་ཆེའི་གནས་བབ་དང་འཐབ་ཇུས་ཀྱི་དོན་སྙིང་ཁོང་དུ་ཆུད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གསར་གཏོད་རང་བཞིན་གྱི་འདུ་ཤེས་གསར་པ་དང་དགོངས་པ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་ནས། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དེ་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་ལོ་རྒྱུས་རང་བཞིན་དང་། དཀྱོགས་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་འབྱུང་བར་སྣེ་ཁྲིད་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གྲུབ་ཡོད།
《རགས་བཤད》དེ་གླེང་གཞི་དང་གཞུང་དངོས་བཅས་ལེའུ9ལས་གྲུབ་པ་དང་ཁྱོན་ཡིག་འབྲུ་ཁྲི17ཙམ་ཡོད་པ་དེའི་ནང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་གལ་ཆེའི་དོན་སྙིང་དང་། ཚན་རིག་གི་མ་ལག དགོངས་པའི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་སོགས་གོ་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་འཚོལ་ཞིབ་ལྷོད་མེད་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་གོང་འཕེལ་དང་ལག་ལེན་གྱི་སྙིང་བཅུད་ཡིན་ཞིང་། དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་རྩ་བའི་བརྩི་སྲུང་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད། 《རགས་བཤད》དེས་མ་ཡིག་ལ་བསྟུན་ནས། མ་ལག་ཅན་དང་གཞུང་ལུགས་ཅན་འབུར་དུ་བཏོད་དེ། ལག་ལེན་གྱི་ཁྲིད་སྟོན་མཐའ་འཁྱོངས་དང་། སློབ་ཁྲིད་ཀྱི་དོན་དངོས་དང་འཚམ་པར་བྱས་ཤིང་། དེ་ནི་མཐོ་སློབ་ཀྱི་འབྲེལ་ཡོད་ཆེད་ལས་སློབ་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པའི་གཙོ་གནད་སློབ་གཞི་ཞིག་ཡིན་ལ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་པའི་ཀློག་དེབ་གལ་ཆེན་ཞིག་ཀྱང་ཡིན།།