གནད་བསྡུས། 详情

མཚོ་ལྷོ་ཁུལ་གྱིས་དྲག་སྐྱེད་གསོ་བཅོས་ཞབས་ཞུར་བརྟེན་ནས་དབང་སྐྱོན་བྱིས་པར་ཕན་བདེ་བསྐྲུན།

རང་ཚགས་པར་གྱི་འཕྲིན། དྲག་སྐྱེད་གསོ་བཅོས་ནི་དབང་བོ་སྐྱོན་ཅན་ནད་ལས་ཐར་ཏེ་སྤྱི་ཚོགས་ནང་ཞུགས་པའི་གནད་འགག་གི་བརྒྱུད་རིམ་ཞིག་ཡིན་ལ།    མཚོ་ལྷོ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དྲག་སྐྱེད་གསོ་བཅོས་ལྟེ་གནས་ཀྱིས་ཆེད་ལས་ཚོགས་པ་དང་ཞབས་ཞུ་ལེགས་པོར་བརྟེན་ནས་ས་གནས་ཀྱི་དབང་སྐྱོན་བྱིས་པར་བདེ་ཐང་གི་རེ་བ་བསྩལ་ཡོད།

མཚོ་ལྷོ་ཁུལ་དབང་སྐྱོན་མི་སྣའི་དྲག་སྐྱེད་གསོ་བཅོས་ཞབས་ཞུ་ལྟེ་གནས་ཀྱི་ཐོས་ནུས་སྦྱོང་བརྡར་ཁང་དུ ། བྱིས་པ་ཚོས་དགེ་རྒན་གྱི་མཛུབ་ཁྲིད་འོག་བློ་གཅིག་སེམས་གཅིག་གིས་ཐོས་ནུས་སྦྱོང་བརྡར་བྱས་ནས། སྒྲ་ཡི་འཇིག་རྟེན་ལ་འཇུག་པར་རེ་སྒུག་བྱེད་བཞིན་ཡོད། ལྟེ་གནས་དེ་ནི2011ལོར་བཙུགས་ཤིང་། ལོ་ངོ་བཅུ་ཕྲག་ལྷག་རིང་བརྒྱུད་ནས་འཐུས་སྒོ་ཚང་བའི་དྲག་སྐྱེད་གསོ་བཅོས་མ་ལག་ཞིག་ཆགས་ཏེ། སྐྱེས་མ་ཐག་པའི་བྱིས་པ་ནས་ལོ17བར་གྱི་དབང་སྐྱོན་བྱིས་པར་རིན་མི་ལེན་པར་དྲག་སྐྱེད་གསོ་བཅོས་ཞབས་ཞུའི་རོགས་སྐྱོར་འདོན་སྤྲོད་བྱེད་ཀྱིན་ཡོད་པ་མ་ཟད།  ཞབས་ཞུ་དེ་ཁྱིམ་ཚང་གི་མཛུབ་ཁྲིད་དང་། ཤང་དང་གྲོང་བརྡལ་གྱི་གསོ་སྦྱོང་སོགས་ཀྱི་ཁྱབ་ཁོངས་སུའང་རྒྱ་བསྐྱེད་ཡོད།  ལྟེ་གནས་ཀྱིས་རྐང་ལག་དང་ཐོས་ནུས། རིག་སྟོབས་བཅས་ཞན་པའི་དབང་སྐྱོན་བྱིས་པར་དམིགས་ནས།  དཔྱད་དཔོག་དང་འཆར་འགོད། སྦྱོང་བརྡར། རྗེས་འདེད་བཅས་ཀྱི་བརྒྱུད་རིམ་ཆ་ཚང་གི་ཞབས་ཞུ་ཞིག་དམིགས་བསལ་གྱིས་འདོན་སྤྲོད་བྱེད་བཞིན་ཡོད་པ་དང་།  འགྲོ་སྐྱོད་སྟབས་བདེ་མིན་པའི་དབང་སྐྱོན་བྱིས་པར་ད་དུང་སྒོ་ཁའི་དྲག་སྐྱེད་ཞབས་ཞུའང་མཁོ་འདོན་བྱེད་བཞིན་ཡོད།

ནད་པའི་ཁྱིམ་མི་འཇམ་དབྱངས་ཤེས་རབ་ཀྱིས་བཤད་རྒྱུར། སྔོན་ཆད་བྱིས་པར་དྲག་སྐྱེད་གསོ་བཅོས་བྱེད་བསམ་ན་ལམ་ཐག་རིང་པོའི་ཁྲེང་ཏུའུ་དང་ཟི་ལིང་དུ་འགྲོ་དགོས་པས།འགྲོ་སོང་ཆེ་ལ་དཀའ་ཚེགས་ཀྱང་ཆེ། ད་ལྟ་རང་ཁྱིམ་སྒོ་ཁ་ནས་གྲོང་ཁྱེར་ཆེན་མོ་དང་འདྲ་བའི་ཆེད་ལས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་མ་ཟད་འགྲོ་སོང་གི་འགན་ལེན་ཀྱང་ཡོད་པས། ང་ཚོས་སེམས་བདེ་བའི་ངང་ནས་ཡུན་རིང་ལ་བྱིས་པར་དྲག་སྐྱེད་གསོ་བཅོས་བྱས་ཆོག་ལ། ད་ལྟ་བྱིས་པ་ཉིན་རེ་ནས་ཉིན་རེར་ཇེ་ལེགས་སུ་འགྲོ་བཞིན་པས། དྲག་སྐྱེད་གསོ་བཅོས་ཀྱི་ནུས་པ་ཧ་ཅང་བཟང་ཟེར།

ལྟེ་གནས་ཀྱིས་ད་དུང་བོད་རྒྱ་སྐད་གཉིས་ཀྱི་སྐད་བརྡ་སྦྱོང་བརྡར་སློབ་ཚན་བཀོད་སྒྲིག་བྱས་ནས་བོད་ལུགས་གསོ་རིག་གི་ཕྱི་བཅོས་དང་དེང་རབས་ཀྱི་ནད་གསོ་ཟུང་འབྲེལ་བྱེད་པའི་རྣམ་པ་འཚོལ་ཞིབ་བྱས་ཤིང་།  ཞིང་ཆེན་ཡོངས་ཀྱི་རྐང་ལག་བཟོས་མའི་གཞི་རིམ་ཞབས་ཞུའི་ས་ཚིགས་གཅིག་པུ་ཡིན་པའི་ངོས་ནས་ལྟེ་གནས་ཀྱིས་ད་དུང་གཞོགས་འདེགས་ཡོ་བྱད་འོས་འཚམ་བཀོད་སྒྲིག་བྱེད་པ་སོགས་ཁྱིམ་དུ་བསྐྱོད་དེ་ཞབས་འདེགས་བྱས་ནས།  ལོ་རེར་ཆ་སྙོམས་དབང་སྐྱོན་བྱིས་པའི་ཁྱིམ་ཚང་གི་འབྲེལ་ཡོད་འགྲོ་གྲོན་སྒོར་ཁྲི15ཙམ་ཆག་ཡང་དུ་བཏང་།

མཚོ་ལྷོ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དྲག་སྐྱེད་གསོ་བཅོས་ལྟེ་གནས་ཀྱི་ཀྲུའུ་རེན་དོན་གྲུབ་མཚོས་བཤད་རྒྱུར། ང་ཚོ་ལྟེ་གནས་ཀྱིས་དུས་ནམ་ཡང་དབང་བོ་སྐྱོན་ཅན་གྱི་བྱིས་པར་ཕྱོགས་ཡོངས་དང་།  སྤུས་མཐོ།  སྤུས་ལེགས་བཅས་ཀྱི་དྲག་སྐྱེད་གསོ་བཅོས་སྦྱོང་བརྡར་གྱི་ཞབས་ཞུ་མཁོ་སྤྲོད་བྱེད་པར་འབད་འབུངས་བྱས་ཤིང་།  རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་ཕྱི་བཅོས་གསོ་ཐབས་དེ་དེང་རབས་ཀྱི་དྲག་སྐྱེད་གསོ་བཅོས་ནང་མཉམ་འདྲེས་ཐུབ་པར་བྱས་པ་དང་།  དེ་གཉིས་ཕན་ཚུན་གཞོགས་འདེགས་བྱས་ཏེ།  དམིགས་བསལ་དུ་ཡོད་པའི་ལུས་གསོའི་ཞབས་ཞུའི་རྣམ་པར་བརྟེན་ནས་བྱིས་པའི་དྲག་སྐྱེད་གསོ་བཅོས་ཀྱི་ཕན་འབྲས་སྔར་བས་ཆེ་རུ་གཏོང་བ་དང་བྱིས་པ་སྔར་ལས་མང་བའི་བདེ་ཐང་ལེགས་སུ་གཏོང་རོགས་བྱས་ནས་སྤྱི་ཚོགས་ནང་མཉམ་འདྲེས་ཐུབ་པར་བྱས།

གཞན་ལ་བརྟེན་པ་ནས་རང་འགུལ་ངང་སྒོར་འགྲམ་དུ་བསྐྱོད་པ་དང་། སྦྱོང་བརྡར་ཁོ་ན་ནས་སྣ་མང་འགན་ལེན་བྱེད་པ་བཅས་ལས་མཚོ་ལྷོ་ཁུལ་དབང་བོ་སྐྱོན་ཅན་དྲག་སྐྱེད་གསོ་བཅོས་ཞབས་ཞུའི་ལྟེ་གནས་ཀྱིས་ཆེད་ལས་དང་བརྩེ་བར་བརྟེན་ནས།  དབང་བོ་སྐྱོན་ཅན་བྱིས་པ་དང་དེའི་ཁྱིམ་ཚང་གིས་རང་གི་སྒོ་འགྲམ་དུ་ཡིད་ཆེས་སླར་གསོ་ཐུབ་པ་བྱས་ནས་དབང་བོ་སྐྱོན་ཅན་གཅིག་གི་བདེ་ཐང་སླར་གསོ་ཐུབ་ན་ཁྱིམ་ཚང་གཅིག་ལ་བདེ་སྐྱིད་བསྐྲུན་ཐུབ་ཅེས་པའི་ཁ་གཡང་མངོན་འགྱུར་བྱུང་། 

热门新闻

热门图库

热门排行