གནས་ཚུལ། 详情

ཐང་སྐར་མ་གྲོང་བརྡལ་གྱིས་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ལ་སྟབས་བདེ་བསྐྲུན།

རང་ཚགས་པར་གྱི་འཕྲིན།  ད་ལོའི་ཚུན་ལ། མཚོ་ལྷོ་ཁུལ་གྱིས་གཞི་རིམ་རོང་འབྲོག་མང་ཚོགས་ཀྱི་རེ་སྒུག་དང་དགོས་མཁོར་དམིགས་ནས། རྒུད་གསབ་ལས་སྤྲོད་ལས་གཞི་དེ་དམངས་འཚོ་ལེགས་བཅོས་དང་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ཤིང་། ཁུལ་དང་རྫོང་། ཤང་དང་སྡེ་བ་བཅས་རིམ་པ་བཞི་མཉམ་འབྲེལ་བྱས་ཏེ། ལས་གཞི་དེ་དགོས་མཁོ་དང་བསྟུན་ནས་བསྐྲུན་པ་དང་ལས་གཞི་ལ་བརྟེན་ནས་ལས་ཞུགས་ཐག་གཅོད་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱིས་ཁྱིམ་ཚང་ལ་བདག་སྐྱོང་བྱེད་པའི་ཞོར་དུ་ཡོང་འབབ་ཡང་བཙལ་ཐུབ་པར་བྱས་ཡོད།

ཉེ་ཆར། གུང་ཧོ་རྫོང་ཐང་སྐར་མ་གྲོང་བརྡལ་དཔའ་ཐང་སྡེ་བར་བྲེལ་ཟིང་གི་རྣམ་པས་ཁེངས་ཡོད་ལ།  ལས་བཟོ་བ་རྣམས་ཀྱིས་གཞུང་ལམ་གྱི་ངོས་སྙོམས་པ་དང་ཨར་འདམ་ལྡུག་པ་སོགས་ཀྱི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་མཆིས། རྒུད་གསབ་ལས་སྤྲོད་ལས་གཞི་ལག་བསྟར་བྱས་པ་ནས་བཟུང་། སྡེ་བ་འདིས་ཁྱོན་བསྡོམས་རང་སྡེ་བའི་ངལ་རྩོལ་པ250ལྷག་བསྡུ་ལེན་བྱས་པ་དང་། སྡེ་བའི་སྲང་ལམ་སོ་སར་ཨར་འདམ་གྱི་གཞུང་ལམ་ལས་ཡོད་པ་མཐོང་དུས། སྡེ་མི་རྣམས་ཀྱི་སེམས་ལ་སྤྲོ་སྐྱིད་ཀྱིས་ཁེངས་ཡོད།

གུང་ཧོ་རྫོང་ཐང་སྐར་མ་གྲོང་བརྡལ་དཔའ་ཐང་སྡེ་བའི་ཐོན་སྐྱེད་འཕེལ་རྒྱས་ཚན་ཆུང་གི་ཁོངས་མི་ཀྲང་ཀྲི་ལན་གྱིས་བཤད་རྒྱུར།  སྔོན་ཆད་ང་ཚོའི་སྡེ་བའི་ལམ་ཚང་མ་ས་ལམ་ཡིན་པས་གནས་ཚུལ་ཤིན་ཏུ་སྡུག རྒུད་གསབ་ལས་སྤྲོད་ལས་གཞི་འདི་ཡོད་པ་ནས་བཟུང་། ང་ཚོས་ཁྱིམ་ཚང་ནང་གི་ལས་ཀ་ལས་ཞོར་དུ་ད་དུང་གླ་ཕོགས་ཀྱང་ལེན་ཐུབ་པ་རེད། དེ་མིན་སྡེ་བ་ཡོངས་ཀྱི་གཞུང་ལམ་ཨར་འདམ་ལམ་དུ་བསྒྱུར་ཏེ་ཁོད་སྙོམས་ཤིང་ཤར་བགྲོད་ཐུབ་ནས། ང་ཚོ་ཕྱི་རུ་འགྲོ་བར་སྟབས་བདེ་ཡིན་ལ་བདེ་འཇགས་ཡང་ཡིན། འདིས་ང་ཚོའི་ཐོན་སྐྱེད་དང་འཚོ་བར་རོགས་རམ་ཆེན་པོ་བྱས་ཡོད་ལ། སྡེ་བའི་རྣམ་པར་ཡང་ལེགས་བཅོས་མངོན་གསལ་བྱུང་ཡོད་ཟེར།

གུང་ཧོ་རྫོང་ཐང་སྐར་མ་གྲོང་བརྡལ་དཔའ་ཐང་སྡེ་བའི་རྒུད་གསབ་ལས་སྤྲོད་ལས་གཞིའི་ལས་འཛིན་ལྷན་ཚོགས་ཀྱི་འགན་འཁུར་པ་མཱ་ཅོན་གྱིས་བཤད་རྒྱུར། རུ་ཁག་དང་པོ་དང་གཉིས་པའི་གཞུང་ལམ་རིམ་སྤར་ལེགས་སྒྱུར་གྱི་ལས་གཞི་ཡིས་སྡེ་བའི་ནང་གི་འགྲིམ་འགྲུལ་གྱི་ཞན་ཆ་ལེགས་བཅོས་བྱས་ཤིང་། གྲོང་གསེབ་དར་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ་དམངས་འཚོ་འཕེལ་རྒྱས་ལ་ཕན་པ་བསྐྲུན་ཡོད། ལས་གཞི་འདིར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི790བཏང་ནས། རིམ་པ་བཞི་པའི་ཨར་འདམ་གཞུང་ལམ་སྤྱི་ལེ7.9གསར་དུ་ལས་པ་དང་། རང་སྡེ་བའི་ངལ་རྩོལ་པ250ལྷག་བསྡུ་ལེན་བྱས་ཡོད། དེའི་ནང་ངལ་རྩོལ་གླ་ཆའི་བསྡུར་ཚད་བརྒྱ་ཆའི40ལས་བརྒལ་ཏེ། དངོས་གནས་ལས་གཞི་བསྐྲུན་པ་དང་མང་ཚོགས་ལས་ཞུགས་ཐུབ་པ། ཁྱིམ་རེ་རེར་ཕན་པ་ཐོབ་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད་ཟེར།

གཞུང་དངོས། རྒུད་གསབ་ལས་སྤྲོད་ལས་བྱུང་བའི་དངོས་ཕན་གྱིས་རོང་འབྲོག་མང་ཚོགས་རྣམས་ཟུར་བལྟ་མཁན་ནས་ཟབ་ཞུགས་མཁན་གྱི་ཁེ་འབྲས་རེག་མཁན་དུ་གྱུར་ཡོད། 2025ལོའི་ཚུན་ལ་གུང་ཧོ་རྫོང་ཐང་སྐར་མ་གྲོང་བརྡལ་གྱི་གསེར་ཐང་དང་རྟ་ར། འབྲུ་དེའུ། དཔའ་ཐང་སོགས་སྡེ་བ་རིམ་པའི་གཞུང་ལམ་ལེགས་བཅོས་ཀྱི་ལས་གཞི5སྔ་རྗེས་སུ་དོན་འཁྱོལ་བྱས་ཤིང་། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི2664བཏང་བ་དང་། མང་ཚོགས520ཡིས་རང་ཁྱིམ་སྒོ་ཁར་ལས་ཞུགས་ཐུབ་པར་བྱས་ཏེ། ངལ་ལས་གླ་ཆ་ཁྱོམ་བསྡོམས་སྒོར་ཁྲི886སྤྲད་པ་རེད། ཞོར་ལས་བྱེད་དུ་གཞན་ལ་འགྲོ་མི་དགོས་པར་ཡོང་འབབ་རང་ཁྱིམ་སྒོ་ཁར་བཙལ་ཐུབ་པས། སྡེ་མི་ཚོའི་བརྩོན་སེམས་ཆེར་སྐྱེད་དང་ལས་ཞུགས་འབབ་འཕར་ལ་སྟབས་བདེ་གང་ལེགས་བསྐྲུན་ཡོད།

བཅར་འདྲི། གུང་ཧོ་རྫོང་ཐང་སྐར་མ་གྲོང་བརྡལ་ཐོན་སྐྱེད་འཕེལ་རྒྱས་ཚན་ཆུང་གི་ཁོངས་མི་མ་ཞའོ་ཧྥང་གིས་བཤད་རྒྱུར། རྒུད་གསབ་ལས་སྤྲོད་ལས་གཞི་རབ་དང་རིམ་པ་དོན་འཁྱོལ་བྱས་པ་དེས་གྲོང་བརྡལ་དང་སྡེ་བའི་འགྲོ་ལམ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ཞན་ཆ་གསབ་ཅིང་། ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བའི་སྤུས་ལེགས་ཀྱི་ལས་ཞུགས་སྟེགས་བུ་བསྐྲུན་ཏེ། སྡེ་མི་ཚོའི་ཞོར་ལས་ལམ་ཐག་རིང་བ་དང་ཡོང་འབབ་བཙལ་དཀའ་བའི་གནད་དོན་ཐག་གཅོད་བྱས་ཡོད། 

ད་ལྟ་མཚོ་ལྷོ་ཁུལ་གྱི་ཞིང་སྡེ་རུ་བསྐྱོད་པ་ན་གསར་དུ་སྐྲུན་པའི་བགྲོད་ལམ་རེ་རེ་སྡེ་བ་དང་ཞིང་ཁ་རུ་ཤར་གཏོང་བྱས་ཡོད་ལ། འགྱུར་ལྡོག་འདི་དག་ནི་རྒུད་གསབ་ལས་སྤྲོད་ཀྱི་ལས་གཞི་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཕན་འབྲས་ཐོན་པའི་གསོན་ཉམས་ལྡན་པའི་མཚོན་རྟགས་ཤིག་རེད། མིག་སྔའི་བར་ཁུལ་ཡོངས་ཀྱིས2026ལོའི་རྒུད་གསབ་ལས་སྤྲོད་ཀྱི་ལས་གཞི63རེ་ཞུ་བྱས་པ་དང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར3.39བཏང་། དེའི་ཁྲོད་ཀྲུང་དབྱང་གི་རྒུད་གསབ་ལས་སྤྲོད་ལས་གཞི39དོན་འཁྱོལ་བྱས་པ་དང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར1.89བཏང་ཞིང་། ལས་གཞིའི་གྲངས་འབོར་དང་མ་དངུལ་གྱི་གྲངས་འབོར་ལོ་སྔོན་མ་ལས་སོ་སོར་བརྒྱ་ཆའི178དང་བརྒྱ་ཆའི148འཕར་ཡོད་པས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བར་སྒུལ་ཤུགས་གསར་པ་བསྣན་ཡོད།།

热门新闻

热门图库

热门排行