གནད་བསྡུས། 详情

རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག་རིམ་འདས་འགྲན་བསྡུར་སྐབས་གསུམ་པ་ལས་མཚོ་ལྷོའི་འགྲན་ཁུལ་གྱི་མཇུག་མཐའི་འགྲན་བསྡུར་སྤེལ།

ཟླ9པའི་ཚེས4ཉིན།  རབ་མཛེས་མཚོ་སྔོན།  མཐོ་སྒང་རྐང་གྲུག་རིམ་འདས་འགྲན་བསྡུར་སྐབས་གསུམ་པ་ལས་མཚོ་ལྷོའི་འགྲན་ཁུལ་གྱི་མཇུག་མཐའི་འགྲན་བསྡུར་ཚ་ཚ་འུར་འུར་གྱིས་སྤེལ་མགོ་བརྩམས་ཤིང་།  མཚོ་ལྷོ་ལུང་གཡང་རུ་ཁག་དང་ཟི་ལིང་གསའ་རུ་ཁག་གཉིས་ཀྱིས་འགྲན་བསྡུར་བྱས་པ་དང་། འདི་ཡང་རང་ཁུལ་གྱི་ད་ལོའི་མཐོ་སྒང་རྐང་གྲུག་འགྲན་བསྡུར་རབ་དང་རིམ་པའི་ཆེས་མཇུག་མཐའི་འགྲན་བསྡུར་ཐེངས་ཤིག་ཡིན་ལ། སྐར་མ90རིང་གི་ཛ་དྲག་གི་འགྲན་བསྡུར་བརྒྱུད་མཐར0:1གི་སྐར་འབྲས་ལས་མཚོ་ལྷོའི་ལུང་གཡང་རུ་ཁག་འགྲན་ཕམ་བྱུང་།  

འགྲན་བསྡུར་གྱི་བརྡ་གྲག་པ་དང་བསྟུན་ནས་ཡུལ་དངོས་ལ་ཛ་དྲག་གི་རྣམ་པས་ཁེངས་པ་དང་།  ཕྱོགས་གཉིས་ཀྱི་འགྲན་ཞུགས་ལུས་རྩལ་པ་རྣམས་མྱུར་དུ་འགྲན་བསྡུར་ལ་ཞུགས་ཏེ། ཕན་ཚུན་གཞོགས་འདེགས་དང་འགོག་རྒོལ། རྐང་གྲུག་བརྒྱུད་སྤྲོད། འཕྲོག་རེས་བཅས་ཀྱིས་འགོག་སྲུང་གི་རྩལ་ནུས་གཅིག་ལས་གཅིག་མགྱོགས་ཤིང་།  ལུས་རྩལ་པ་རྣམས་ཀྱིས་འབད་འབུངས་ལྷོད་མེད་དང་བློ་སྤོབས་ཆེན་པོས་འགྲན་བསྡུར་བྱས་ཏེ།  མཐོ་སྒང་རྐང་གྲུག་གི་ཐུན་མོང་མ་ཡིན་པའི་ཞུམ་མེད་ཀྱི་སྙིང་སྟོབས་མངོན་པར་བྱས་ཡོད་ལ།  ཡུལ་དངོས་ཀྱི་ལྟད་མོ་བར་ངོ་མཚར་ཆེ་བའི་རང་ས་གནས་ཀྱི་རྐང་གྲུག་འགྲན་བསྡུར་ཞིག་ཀྱང་ལེགས་སྐྱེས་སུ་ཕུལ་ཡོད།

མཚོ་ལྷོ་ལུང་གཡང་རུ་ཁག་གི་རུ་མི་ཏུའུ་ཝེ་ཡིས་བཤད་རྒྱུར། དེ་རིང་ནི་སྐབས་འདིའི་འགྲན་བསྡུར་གྱི་མཇུག་མཐའི་འགྲན་བསྡུར་ཡིན་པས། གྲུག་ཞེན་པ་དག་གིས་དུས་ཡུན་རིང་པོར་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་ཡིན།ཁོ་ཚོའི་རྒྱབ་སྐྱོར་ནི་ང་ཚོ་མདུན་དུ་སྐྱོད་པའི་སྒུལ་ཤུགས་ཀྱང་ཡིན་ལ། ཐེངས་འདིའི་འགྲན་བསྡུར་ལ་རྫོགས་ཚིག་བཀོད་པས། མཚོ་ལྷོ་ལུང་གཡང་རུ་ཁག་ལ་རྒྱབ་སྐྱོར་གནང་མཁན་གྱི་མི་ཚང་མར་ང་ཚོས་བཀའ་དྲིན་ཞུས་པ་ཡིན། ང་ཚོས་མུ་མཐུད་དུ་འབད་བརྩོན་བྱས་ཏེ། དམིགས་ཡུལ་སྔར་ལས་བཟང་པོ་ཞིག་མངོན་འགྱུར་བྱེད་པར་མདུན་དུ་སྐྱོད་རྒྱུ་ཡིན་ཟེར།

རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག་འགྲན་བསྡུར་ནི་མཚོ་སྔོན་ཞིང་ཆེན་གྱི་མང་ཚོགས་རང་བཞིན་གྱི་ཕུལ་དུ་བྱུང་བའི་ལུས་རྩལ་འགྲན་བསྡུར་ཞིག་ཡིན་པ་དང་། འགྲན་ར་གཙོ་བོའི་གྲས་སུ་ཚུད་པའི་མཚོ་ལྷོ་ཁུལ་གྱིས་འགྲན་བསྡུར་གྱི་སྤུས་རྟགས་ལ་བརྟེན་ནས། མང་ཚོགས་ཀྱི་ལུས་རྩལ་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་བཏང་བར་མ་ཟད། ད་དུང་ལུས་རྩལ་སྦྲེལ་ཐག་ཏུ་བྱས་ཏེ། ས་གནས་ཀྱི་གྲོང་གསེབ་དར་སྤེལ་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་ཆེན་པོ་བསྩལ་ཞིང་། འགྲན་རའི་ཕྱི་ནང་ཀུན་ཏུ་མཚོ་ལྷོ་ཁུལ་གྱི་ས་མཐོའི་ཡུལ་ལྗོངས་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་མངོན་ནས། མི་རིགས་སོ་སོའི་མང་ཚོགས་ཕན་ཚུན་འགྲོ་འོང་དང་མཉམ་འདྲེས་བྱེད་པའི་ལུས་རྩལ་གྱི་སྦྲེལ་ལམ་ཞིག་བཙུགས་ཡོད་པ་རེད།

热门新闻

热门图库

热门排行