ཏིང་ཞུའེ་ཞང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་ལ་ཐུག་འཕྲད་གནང་བ་དང་འབྲེལ་ཨུ་རུ་སུ་ཕྱོགས་དང་མཉམ་དུ་ཀྲུང་ཨུའི་ཕྱོགས་གཉིས་རྐྱེན་སྲོལ་རང་བཞིན་གྱི་གྲོས་ཚོགས་ལ་མགོ་འཛིན་གནང་བ།

ས་དེའི་དུས་ཚོད་ཟླ9པའི་ཚེས2ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་ཧྥུའུ་ལ་ཏི་ཝོ་སི་ཐུའོ་ཁེ་རུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ9པའི་ཚེས2ཉིན་ནས་ཚེས4ཉིན་གྱི་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་ཧྥུའུ་ལ་ཏི་ཝོ་སི་ཐུའོ་ཁེ་རུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་ལ་ཐུག་འཕྲད་གནང་། ཨུ་རུ་སུའི་ཙུང་ལི་གཞོན་པ་དང་པོ་མན་ཐུའུ་ལུའོ་ཧྥུའུ་དང་མཉམ་དུ་ཀྲུང་ཨུའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པར་འགོ་འཛིན་གནང་བ་དང་། ཨུ་རུ་སུའི་ཙུང་ལི་གཞོན་པ་ནོ་ཝ་ཁེ་དང་མཉམ་དུ་ཀྲུང་ཨུའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པར་འགོ་འཛིན་གནང་ནས། ཀྲུང་ཨུའི་ནུས་ཁུངས་ཚོང་དོན་གླེང་སྟེགས་སྐབས་བརྒྱད་པའི་འགོ་ཚུགས་མཛད་སྒོར་ཞུགས།
ཕུའུ་ཅིང་ལ་ཐུག་འཕྲད་གནང་སྐབས། ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྙིང་ཉེ་བའི་འཚམས་འདྲི་བརྒྱུད་ཞུ་གནང་། ཏིང་ཞུའེ་ཞང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིང་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་གཏིང་ཇེ་ཟབ་དང་དོན་འཁྱོལ་ཡོང་བར་འགྱུར་བཞིན་ཡོད། ཀྲུང་གོ་དང་ཨུ་རུ་སུ་བར་གྱི་འབྲེལ་བ་ནི་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཁྲོད་གཡོ་འགུལ་མེད་པ་ནི། དེའི་རྩ་བ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་དབུ་ཁྲིད་དང་ཁ་ཕྱོགས་བསྟན་པར་རག་ལས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། བྱེད་ཐབས་ཏན་ཏིག་སྤྱད་དེ་ཕྱོགས་གཉིས་ཀྱི་ཁེ་ཕན་མཉམ་འདྲེས་ཇེ་ཟབ་ཏུ་བཏང་ནས། ཀྲུང་ཨུའི་འབྲེལ་བ་སྔར་ལས་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་བའི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་འདོད་ཡོད།
ཕུའུ་ཅིང་གིས་ཏིང་ཞུའེ་ཞང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་ཞུ་གནང་རོགས་ཞུས་ཤིང་། ཏིང་ཞུའེ་ཞང་ཨུ་རུ་སུར་ཕེབས་ནས་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་བཅུ་གཅིག་པར་ཞུགས་པར་དགའ་བསུ་ཞུས། ཕུའུ་ཅིང་གིས་བསྟན་དོན། ད་ལོ་ནི《ཨུ་རུ་སི་དང་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་ངོ25འཁོར་བའི་ལོ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག ཨུ་ཀྲུང་བར་གྱི་འབྲེལ་བ་སྔར་བྱུང་མ་མྱོང་པའི་ཆུ་ཚད་དུ་སླེབས་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཕན་འབྲས་ལྡན་པའི་འཕེལ་རྒྱས་བྱུང་། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་བཟང་པའི་ཆུ་ཚད་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཀྲུང་ཨུའི་དངུལ་གཏོང་དང་ནུས་ཁུངས་ཕྱོགས་གཉིས་རྐྱེན་སྲོལ་རང་བཞིན་གྱི་གྲོས་ཚོགས་ལ་འགོ་འཛིན་གནང་སྐབས། ཏིང་ཞུའེ་ཞང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་འཆར་འགོད་གནང་བའི་འཆར་གཞི་གསར་པ་གཞིར་བཟུང་སྟེ། དངུལ་གཏོང་དང་ནུས་ཁུངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་དང་རྒྱ་ཇེ་ཆེར་གཏོང་བ་དང་། གཉིས་ཕན་མཉམ་རྒྱལ་སྔར་ལས་ལེགས་པོར་མངོན་འགྱུར་བྱེད་དགོས། དངུལ་གཏོང་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་འཆར་འགོད་དང་སྲིད་ཇུས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ་དང་། གཙོ་གནད་ལས་གཞིའི་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ནས། མཉམ་ལས་ཀྱི་ཁྱབ་ཚད་དང་གཏིང་ཚད་ཇེ་ཆེ་ཇེ་ཟབ་ཏུ་གཏོང་དགོས། ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ད་ཡོད་ཀྱི་མཉམ་ལས་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་། ཁྱབ་ཁོངས་གསར་པ་དང་ཁ་ཕྱོགས་གསར་པ་བཀོད་སྒྲིག་ཧུར་ཐག་བྱས་ནས། འཛམ་གླིང་ནུས་ཁུངས་བཅོས་སྐྱོང་མ་ལག་གི་འཕོ་འགྱུར་མཉམ་དུ་སྐུལ་འདེད་གཏོང་དགོས།
ཨུ་རུ་སིའི་ཕྱོགས་ཀྱིས་ཨུ་ཀྲུང་འབྲེལ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་དང་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱེད་བཞིན་ཡོད་ལ། ཀྲུང་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ལེགས་པོ་དང་། དངུལ་གཏོང་དང་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མཛུབ་ཁྲིད་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། འཐབ་ཇུས་སྦྲེལ་མཐུད་དང་ལས་གཞི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སྤུས་ཚད་མཐོན་པོའི་མཉམ་ལས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
གྲོས་ཚོགས་གྲོལ་རྗེས། ཏིང་ཞུའེ་ཞང་གིས་མན་ཐུའུ་ལུའོ་ཧྥུའུ་དང་ནུའོ་ཝ་ཁེ་དང་མཉམ་དུ་གྲོས་ཚོགས་ཀྱི་ཟིན་བྲིས་གནད་བསྡུས་ལ་མིང་རྟགས་བཀོད།
ཀྲུང་ཨུའི་ནུས་ཁུངས་ཚོང་དོན་གླེང་སྟེགས་སྐབས་བརྒྱད་པའི་འགོ་རྩོམ་མཛད་སྒོའི་སྟེང་། ཏིང་ཞུའེ་ཞང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་མ་ཟད་ཤིས་ཚིག་ཕུལ། ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུང་ཨུའི་ནུས་ཁུངས་མཉམ་ལས་དེ་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུར་བསྐྱོད་པ་དང་། གཙོ་འཛིན་གྱི་སྣེ་ཁྲིད་གནང་བ་ནི་ཀྲུང་ཨུ་ཕྱོགས་ཡོངས་ཀྱི་ནུས་ཁུངས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་དགེ་མཚན་ཆེ་ཤོས་དང་། གཉིས་ཕན་མཉམ་རྒྱལ་ནི་རྩ་བའི་སྒུལ་ཤུགས་ཡིན་པས། མཉམ་དུ་འགྲན་སློང་ལ་ཁ་གཏོད་པ་ནི་མངོན་གསལ་གྱི་ཁྱད་ཆོས་ཤིག་ཡིན། ཕྱོགས་གཉིས་ཀྱིས་རྩ་ཆེའི་ཉམས་མྱོང་དེ་དག་ཕྱོགས་སྡོམ་ནན་མོ་དང་དར་སྤེལ་བཏང་ནས། ཀྲུང་ཨུའི་ནུས་ཁུངས་མཉམ་ལས་བརྟན་པོའི་ངང་འཕེལ་བར་ལག་གདང་སྦྲེལ་ཏེ་སྐུལ་འདེད་གཏོང་དགོས།
ཨུ་རུ་སིའི་སྲིད་འཛིན་གྱིས་ནུས་ཁུངས་འཕེལ་རྒྱས་འཐབ་ཇུས་དང་སྐྱེ་ཁམས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། ཨུ་རུ་སུའི་རྡོ་སྣུམ་ཀུང་སིའི་སྤྱི་འདོམས་པ་ཞེ་ཆིན་གྱིས་སྲིད་འཛིན་ཕུའུ་ཅིང་གི་རྟེན་འབྲེལ་གློག་འཕྲིན་སྒྲོག་འདོན་གནང་བ་མ་ཟད་ཤིས་ཚིག་ཕུལ་བ་དང་། ནོ་ཝ་ཁི་ཡིས་ཤིས་ཚིག་ཕུལ།།