རྒྱལ་ཡོངས་དཀྲོག་གཏམ་བཀག་ནས་བདེན་པ་འཚོལ་བའི་ཡུལ་སྐོར་འགྲུལ་བཞུད་མཚོ་ལྷོ་ཁུལ་དུ་ཡོང་ནས་ཡུལ་དངོས་དཀྲོག་གཏམ་བཅོས་སྒྲིག་དང་གཞི་རྩ་གཙང་སེལ་གྱི་སྣང་བརྙན་བཟང་པོ་བསྐྲུན།
ཟླ9པའི་ཚེས1ཉིན་ནས་ཚེས2ཉིན་བར། ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་ཁྲིམས་འགལ་དང་ཆ་འཕྲིན་མི་ལེགས་པའི་ཐེར་འདོན་ཞུ་གཏུག་ལྟེ་གནས་ཀྱི་མཛུབ་སྟོན་འོག མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་པའི2026ལོའི་རྒྱལ་ཡོངས་དཀྲོག་གཏམ་བཀག་ནས་བདེན་པ་འཚོལ་བའི་ཡུལ་སྐོར་འགྲུལ་བཞུད་གཙང་གསུམ་འབྱུང་ཡུལ་དུ་བསྐྱོད་པའི་བྱ་འགུལ་དེ་རང་ཁུལ་དུ་སྤེལ་བ་དང་། མཚོ་ལྷོ་ཁུལ་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་དང་། གུང་ཧོ་རྫོང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གི་མཐུན་སྦྱོར་དང་རམ་འདེགས་འོག རྒྱལ་ཡོངས་དྲ་སྦྲེལ་དཀྲོག་གཏམ་འགོག་མཁན་དང་། ཀྲུང་དབྱང་དང་ས་གནས་ཀྱི་གཙོ་གནད་གསར་འགྱུར་དྲ་ཚིགས། དྲ་སྦྲེལ་སྟེགས་བུའི་འཐུས་མི་བཅས་མི30ལྷག་ཡུལ་དངོས་ཀྱི་ལས་གནས་སུ་བསྐྱོད་དེ། རྟོག་ཞིབ་དང་པར་ལེན་ཟིན་ཐོར་བརྒྱུད་ནས་བདེན་དོན་ལ་ར་སྤྲོད་བྱས་ཏེ། དྲ་སྦྲེལ་གྱི་ནོར་འཁྲུལ་དག་སེལ་བྱས་ཏེ་མཚོ་ལྷོའི་སྣང་བརྙན་བཟང་པོ་མངོན་པར་བྱས།
མཚོ་ལྷོ་ཁུལ་ནི་གཙང་གསུམ་འབྱུང་ཡུལ་དུ་གནས་པས། སྐྱེ་ཁམས་ཀྱི་གནས་བབ་ལེགས་ལ། ཁྱད་ལྡན་ཐོན་ལས་ཀྱི་དགེ་མཚན་མངོན་གསལ་ལྡན་པ་དང་། ཉེ་བའི་ལོ་འགའི་རིང་དྲ་ཐོག་ཏུ་ཚལ་རྔ་འགག་གི་ཉ་སལ་མོན་ལ་ཉེན་ཁའི་བྱུར་རྐྱེན་ཡོད་པ་དང་། མཚོ་སྔོན་པོའི་མཐའ་འཁོར་དུ་ལྕགས་ར་བསྐོར་ནས་ཡུལ་ལྗོངས་བཀག་པ། ཡུལ་སྐོར་བས་མཚོ་འགྲམ་དུ་ཡུལ་ལྗོངས་ལ་བལྟ་མི་ཐུབ་པ་སོགས་དོན་དངོས་དང་མི་མཐུན་པ་སོགས་ཀྱི་དཀྲོག་གཏམ་བསྟུད་མར་བྱུང་ཡོད་ལ། སྔོན་ཆད་དྲ་ཐོག་གི་ཡི་གེ་ཁོ་ནར་བརྟེན་ནས་ལན་སློག་པར་ཡིད་ཆེས་དཀའ་བས། སྤྱི་དམངས་ཀྱི་དོགས་པ་རྩ་བ་ནས་སེལ་དཀའ།
དོན་དངོས་ཀྱི་ཡུལ་དངོས་ལ་བརྟེན་ནས་དཀྲོག་གཏམ་སེལ་བ་དང་། དཔང་རྟགས་དངོས་ལ་བརྟེན་ནས་བདེན་དོན་ར་སྤྲོད་བྱ་ཆེད། ཐེངས་འདིའི་བྱ་འགུལ་གྱིས་དཀྲོག་གཏམ་འགོག་པའི་ཡུལ་དངོས་དེ་ཐད་ཀར་དུ་ཐོན་ལས་དང་སྐྱེ་ཁམས་ཀྱི་ཡུལ་དངོས་སུ་བསྐྱོད་པ་དང་། རྟོག་ཞིབ་ཚོགས་པ་སྔ་རྗེས་སུ་ཚལ་རྔ་འགག་གི་ཉ་ལས་གསོ་སྤེལ་རྟེན་གཞི་དང་། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སོང་ནས། གསོ་སྤེལ་གྱི་གནས་ཚུལ་དང་། ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་རྩིས་ཐོ། ཆུ་སྙིགས་ཀྱི་དཔྱད་ཞིབ་ཚད་ལེན་སྙན་ཞུ། མཚོ་སྔོན་པོའི་གསེར་ཉའི་སྲུང་སྐྱོང་རྒྱུ་ཆ་བཅས་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་མ་ཟད། མཚོ་སྐོར་ས་ཁུལ་དུ་ལྕགས་ར་བསྐོར་བའི་གནས་ཚུལ་ལ་ཡུལ་དངོས་སུ་ཞིབ་བཤེར་བྱས་ཏེ། དྲ་ཐོག་གི་དཀྲོག་གཏམ་ཚ་ཤོས་རེ་རེར་གསལ་བཤད་དང་དག་ཐེར་བྱས།
རྒྱལ་ཡོངས་དཀྲོག་གཏམ་འགོག་མཁན་ཨ་ཡཱ་ཡིས་བཤད་རྒྱུར། ཁྱེད་ཚོ་བདེ་མོ། ང་ནི་རྒྱལ་ཡོངས་དཀྲོག་གཏམ་འགོག་མཁན་ཨ་ཡཱ་ཡིན། དེ་རིང་ང་མཚོ་སྔོན་པོར་ཐོག་དང་པོར་འབྱོར་བ་ཡིན། གནས་འདིར་ནམ་མཁའ་སྔོ་ཞིང་མཚེའུ་དྭངས་བས། པར་ལེན་པ་དང་སྤྲོ་གསེང་བྱེད་པར་ཤིན་ཏུ་འཚམ་ལ། ཉེ་ཆར་དྲ་ཐོག་ཏུ་བདེན་པ་མིན་པའི་དཀྲོག་གཏམ་ཞིག་ཁྱབ་ཡོད་པ་སྟེ། མཚོ་སྔོན་པོར་ལྕགས་ར་བསྐོར་ནས་སྒེར་འཁོར་ཉེ་སར་བཅར་མི་ཆོག་པ་དང་། ཡུལ་སྐོར་བས་ཡུལ་ལྗོངས་ལ་བལྟ་མི་ཐུབ་ཅེས་བཤད་ཀྱིན་ཡོད་པས། དོན་དངོས་སུ་དེ་ནི་དཀྲོག་གཏམ་རེད། མཚོ་སྐོར་གྱི་ལྕགས་ར་དེ་རིམ་པ་གཉིས་སུ་དགར་ཡོད་པ་སྟེ། རིམ་པ་གཅིག་ནི་འབྲོག་པ་མང་ཚོགས་ཀྱི་རྩྭ་སའི་བདག་དབང་གི་ལྕགས་ར་དང་། རིམ་པ་གཞན་ཞིག་ནི་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ལྕགས་ར་ཡིན་པས། གཙོ་བོར་ཡུལ་སྐོར་བས་རི་སྐྱེས་སྲོག་ཆགས་ཀྱི་གནས་སྡོད་ལ་བར་ཆད་མི་གཏོང་བ་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཆེད་ཡིན། ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་མི་རེ་རེའི་འགན་འཁྲི་ཡིན་པས། ཚང་མས་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་མི་སྤེལ་བར་དཔལ་ཡོན་ངང་ཡུལ་སྐོར་བྱས་ཏེ་རབ་མཛེས་མཚོ་སྔོན་པོར་སྲུང་སྐྱོང་བྱ་རྒྱུ་ནི་ངའི་རེ་བ་ཡིན་ཟེར།
རྒྱལ་ཡོངས་དཀྲོག་གཏམ་འགོག་མཁན་ཀྲང་མེང་གིས་བཤད་རྒྱུར། ཚལ་རྔ་གྲོང་བརྡལ་འོས་སྦྱོར་བྱེད་པའི་བརྒྱུད་རིམ་ཁྲོད་ཉ་སལ་མོན་ནི་མེད་དུ་མི་རུང་བ་ཞིག་ཡིན་མོད། དོན་དངོས་སུ་ཐད་གཏོང་ཁང་ངམ་ཡང་ན་བརྙན་ཐུང་ལས་ཚང་མས་དེར་བསམ་ཚུལ་མི་འདྲ་བ་ཞིག་འདོན་གྱིན་འདུག་ལ། ཚང་མས་ཉ་ཧུང་ཙུན་དང་ཉ་སལ་མོན་ཐད་དོགས་པ་ཅུང་ཙམ་རེ་ཡོད། འོན་ཀྱང་དེ་རིང་ང་ཚོ་ཡུལ་དངོས་སུ་སོང་ནས་ཉམས་ལེན་དང་རྒྱུས་ལོན་བྱས་པ་ཡིན་ལ། དཀྲོག་གཏམ་འགོག་མཁན་ཞིག་གི་ལྟ་ཞིབ་བརྒྱུད་ན། ཐོན་ཁུངས་རྩད་གཅོད་དམ་ཡང་ན་བརྒྱུད་རིམ་ཧྲིལ་པོའི་གོ་རིམ་མཐའ་དག་ལ་བལྟས་རྗེས། ངས་བློ་བརྟན་འགྱུར་མེད་ཀྱིས་མཚོ་སྔོན་དང་ཚལ་རྔ་འགག ཉ་སལ་མོན་བཅས་དྲིལ་སྒྲོག་བྱས་པ་ཧ་ཅང་འགྲིག་འདུག་བསམ་ཟེར།
ཡུལ་དངོས་བཅར་འདྲི་དང་དངོས་སུ་ཉམས་ལེན་བྱས་པ་དེས་དྲ་རྒྱའི་ཕྱོགས་རིས་ཅན་གྱི་དཀྲོག་གཏམ་རྦད་དེ་མེད་པར་བཟོས་ཤིང་། དེ་སྔའི་དཀྲོག་གཏམ་སྟེ་དྲ་ཐོག་ནས་གསལ་བོར་བཤད་མ་ཐུབ་པ་དང་མང་ཚོགས་ཀྱིས་ཡིད་ཆེས་བྱེད་དཀའ་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ། རྒྱ་ཆེའི་དྲ་དམངས་ཀྱི་དཀྲོག་གཏམ་དབྱེ་འབྱེད་ནུས་པ་སྔར་ལས་མཐོར་འདེགས་སུ་བཏང་ནས་དཀྲོག་གཏམ་འབྱུང་རྩ་ནས་བཀག་འགོག་བྱས།
མཚོ་ལྷོ་ཁུལ་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་ལས་སྒོའི་ཚན་ཁག་གི་འགན་འཁུར་བ་ལི་ཀྲི་ཡོན་གྱིས་བཤད་རྒྱུར། ཁུལ་ཡོངས་ཀྱི་དྲ་འཕྲིན་མ་ལག་གིས་ཀྱང་ཐེངས་འདིའི་དཀྲོག་གཏམ་འགོག་མཁན་གཙང་གསུམ་འབྱུང་ཡུལ་དུ་བསྐྱོད་པའི་གོ་སྐབས་དམ་འཛིན་བྱས་ཏེ། མཚོ་སྔོན་པོར་ལྕགས་ར་བསྐོར་ནས་ཡུལ་ལྗོངས་བཀག་པ་དང་རིན་ལེན་པ་སོགས་ཀྱི་དྲ་རྒྱའི་དཀྲོག་གཏམ་འབྱུང་སླ་སའི་ཐག་གཅོད་ཉམས་མྱོང་དེ་རྒྱུན་གཏན་ཅན་གྱི་དཀྲོག་གཏམ་ཡིག་ཚགས་སུ་བཟོས་ནས་སྡེ་ཁག་གིས་དགོས་མཁོ་ལྟར་གང་བདེར་སྤྱོད་ཐུབ་པར་བྱས་ཡོད། དུས་མཚུངས་སུ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་དང་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་གི་རྒྱབ་སྐྱོར་འོག དྲ་རྒྱའི་མི་སྣ་མིང་གྲགས་ཅན་ཟབ་ཞུགས་བྱེད་པ་དང་ཆེད་མཁས་པས་དབང་གྲགས་ཀྱི་སྒོ་ནས་འགྲེལ་བཤད་རྒྱག་པ། སྨྱན་སྦྱོར་མཉམ་འདྲེས་ཀྱི་དྲིལ་སྒྲོག་འབྲེལ་ཐག་རྒྱུན་མཐུད་ངང་ཤར་གཏོང་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་དབང་གྲགས་ལྡན་ཞིང་དོན་དངོས་ཡིན་པའི་ཆ་འཕྲིན་དེ་དཀྲོག་གཏམ་གྱི་སྔོན་ལ་བསྒྲགས་རྒྱུར་འགན་ལེན་བྱས་པ་ཡིན་ཟེར།