ཀོས་ནན་རྫོང་གིས་སྔོན་ཐོན་དཔེ་མཚོན་ཁྱབ་སྒྲོག་དང་ཡུལ་སྲོལ་བསྒྱུར་བའི་རིག་རྩལ་འཁྲབ་སྟོན་བྱས་པ།
རང་ཚགས་པར་གྱི་འཕྲིན། ཟླ9པའི་ཚེས1ཉིན། ཀོས་ནན་རྫོང་གིས་སྒྱུག་མོ་བཟང་མོ་དང་མནའ་མ་བཟང་མོ། དཔལ་ཡོན་ཁྱིམ་ཚང་། སྲོལ་བཟང་ཁྱིམ་ཚང་ཞེས་པ་བཅས་ཀྱི་སྔོན་ཐོན་དཔེ་མཚོན་ཁྱབ་སྒྲོག་དང་ཡུལ་སྲོལ་བསྒྱུར་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་གྱི་བྱ་འགུལ་སྤེལ་ཞིང་། ཁྱིམ་ཚང་གི་དཔལ་ཡོན་སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟོད་བྱས་པ་དང་། མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་ལས་དཔལ་ཡོན་སྲོལ་གསར་བརྒྱུད་སྤྲོད་བྱས་ཏེ། ཁྱིམ་སྲོལ་བཟང་པོས་འཆམ་མཐུན་གྲོང་གསེབ་མཛེས་པར་བྱས།
བྱ་འགུལ་སྤེལ་ཡུལ་དུ་འདུ་འཛི་རབ་ཏུ་རྒོད་དེ། ཞབས་བྲོ་དང་ཡུལ་སྣང་ཟློས་གར། གར་ཆུང་སོགས་རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་ལེ་ཚན་བསྟུད་མར་འཁྲབ་སྟོན་བྱས་ཤིང་། ལེ་ཚན་དེ་དག་གིས་ཡུལ་སྲོལ་བསྒྱུར་བའི་བརྗོད་དོན་ལ་དམ་པོར་དམིགས་ཏེ། རྒན་བཀུར་གཞོན་གཅེས་དང་ཡ་རབས་སྤྱོད་བཟང་། སྲོལ་ངན་དོར་བ་སོགས་དཔལ་ཡོན་གྱི་འདུ་ཤེས་དེ་གར་སྟེགས་འཁྲབ་སྟོན་ལས་མངོན་པ་དང་། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པས་དུས་རབས་ཀྱི་སྲོལ་གསར་ཁྱབ་སྒྲོག་བྱས་པས། ཡུལ་དངོས་ཀྱི་ལྟད་མོ་བའི་གདེང་འཇོག་ཚད་མེད་ཐོབ།
བྱ་འགུལ་ལས་རྫོང་ཡོངས་ཀྱི་ཤང་གྲོང་སོ་སོས་བདམས་ཐོན་བྱུང་བའི་སྒྱུག་མོ་བཟང་མོ་དང་མནའ་མ་བཟང་མོ། དཔལ་ཡོན་ཁྱིམ་ཚང་། སྲོལ་བཟང་ཁྱིམ་ཚང་ཞེས་པ་བཅས་ཀྱི་སྔོན་ཐོན་འཐུས་ཚབ་པར་གཅིག་སྡུད་ཀྱིས་གཟེངས་བསྟོད་བྱས་པར་མ་ཟད། གཟེངས་རྟགས་ཐོབ་པའི་མི་སྒེར་དང་ཁྱིམ་ཚང་ལ་གཟི་བརྗིད་དཔང་ཡིག་གནང་། ཁྱིམ་ཚང་ཕལ་བའི་ཡིད་སེམས་སྒུལ་བའི་གཏམ་རྒྱུད་རེ་རེ་ཡིས་ཡུལ་དངོས་ཀྱི་མང་ཚོགས་ལ་སློབ་སྦྱོང་དང་དཔེ་བལྟ་བྱ་ཆོག་པའི་མིག་དཔེ་བསྟན་ཡོད།
ཀོས་ནན་རྫོང་བྱ་མདོ་ཤང་སྡེ་མང་སྡེ་བའི་མནའ་མ་བཟང་མོའི་མཚན་སྙན་ཐོབ་མཁན་དགེ་གཉེན་མཚོ་ཡིས་བཤད་རྒྱུར། སྒྱུག་མོ་ཡང་གཉེན་ཉེ་ཡིན་པས། དུས་རྒྱུན་འཚོ་བའི་ཁྲོད་ཕན་ཚུན་འབྲེལ་འདྲིས་བཟང་བོ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཞིག་ཡིན། ཕན་ཚུན་ལ་བརྩི་བཀུར་དང་གཅེས་སྐྱོང་བྱས་ན་ད་གཟོད་ཁྱིམ་ཚང་ལ་བདེ་སྐྱིད་ལྡན་ངེས། རྗེས་ཕྱོགས་ངས་མུ་མཐུད་དུ་རྒན་པར་བརྩི་བཀུར་དང་ཁྱིམ་ཚང་ལེགས་པོར་སྐྱོང་རྒྱུ་ཡིན་ལ། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཉེ་འཁོར་གྱི་བུད་མེད་རྣམས་ལ་སྣེ་ཁྲིད་དེ། རྒན་བཀུར་གཞོན་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་དུ་གཏོང་རྒྱུའི་རེ་བ་ཡོད་ཟེར།
ཐེངས་འདིའི་བྱ་འགུལ་ལས་སྔོན་ཐོན་དཔེ་མཚོན་མིག་དཔེར་འཛིན་པ་དང་རིག་རྩལ་འཁྲབ་སྟོན་གཞི་རྟེན་དུ་བྱས་ཏེ། ཁྱིམ་སྲོལ་འཛུགས་སྐྱོང་དང་ཡུལ་སྲོལ་བསྒྱུར་བའི་བྱ་བ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་བཏང་ཞིང་། རྗེས་ཕྱོགས་སུ་ཀོས་ནན་རྫོང་གིས་དཔལ་ཡོན་ཁྱིམ་ཚང་གི་སྔོན་ཐོན་དཔེ་མཚོན་མུ་མཐུད་དུ་སྔོག་འདོན་དང་གསལ་འདེམས་བྱས་ཏེ། ཁྱིམ་སྲོལ་བཟང་པོར་བརྟེན་ནས་རྫོང་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ལ་བསམ་པའི་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་རེད།