མཚོ་ལྷོ་ཁུལ་གྱིས་ས་ཁོངས་ཡོངས་ཀྱི་མྱུར་སྐྱོབ་མ་ལག་འཐུས་ཚང་དུ་བཏང་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་བ།
ཉེ་བའི་ལོ་འགའི་རིང་ལ།རང་ཁུལ་གྱིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མྱུར་སྐྱོབ་དྲ་བ་མུ་མཐུད་འཐུས་ཚང་དུ་བཏང་ནས། ནད་པ་ཚབས་ཆེན་ཕྱིར་སྐྱེལ་བ་ནས་རང་ས་གནས་སུ་སྨན་བཅོས་བྱེད་ཐུབ་པར་གྱུར་ཡོད།
མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གི་འཕྲལ་བཅོས་ཚན་ཁག་ཏུ་བྲེལ་འཚུབ་ཆེ་བ་ནི་རྒྱུན་ལྡན་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད་ལ། སྨན་བཅོས་བྱེད་པའི་མི་གྲངས་ཇེ་མང་དུ་སོང་བ་ལས་མྱུར་སྐྱོབ་མ་ལག་གི་ཕན་ནུས་རྒྱུན་མཐུད་ངང་མངོན་བཞིན་པ་མཚོན་ཐུབ་པ་མ་ཟད། ལྷག་པར་དུ་བྲང་གཟེར་ལྟེ་གནས་འཛུགས་སྐྲུན་བྱས་པ་ལས་ཁུལ་ཡོངས་ཀྱི་མྱུར་སྐྱོབ་ནུས་པ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པའང་མཚོན་ཐུབ།
མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་སྙིང་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་(མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་མི་སྣ)ཁྲེན་ཙེང་ཀོང་གིས་བཤད་རྒྱུར། ང་ཚོ་བྲང་གཟེར་ལྟེ་གནས་ལ2023ལོའི་ཟླ11པར་རྒྱལ་ཁབ་གཞི་རིམ་ཞིབ་དཔྱད་ལྟེ་གནས་ཀྱིས་དངོས་སུ་བདེན་དབང་ར་སྤྲོད་བྱས་ཏེ་སྒོ་བྱང་བཀལ་བ་དང་། 2024ལོའི་ཟླ4པ་ནས་བཟུང་ང་ཚོའི་བྲང་གཟེར་ལྟེ་གནས་ཀྱིས་སྙིང་རྩ་འགག་པའི་ནད་པར་འཕྲལ་བཅོས་གཤགས་བཅོས་བྱས་པས། དེས་ངེད་ཚན་ཁག་གི་སྨན་བཅོས་ཆུ་ཚད་ལ་འཕོ་འགྱུར་ཆེན་པོ་བྱུང་བ་མཚོན་ཐུབ་ཟེར།
ལག་རྩལ་དེ་འགག་སྒྲོལ་བྱས་པའི་རྒྱབ་རྟེན་ནི་གྲོང་ཁྱེར་དང་གྲོང་གསེབ་ལ་ཁེབས་པའི་སྨན་བཅོས་དྲ་བ་ཞིག་ཡིན་པ་དང་། མཚོ་ལྷོ་ཁུལ་གྱིས་ཁུལ་དང་། རྫོང་། ཤང་། སྡེ་བ་བཅས་རིམ་པ་བཞིའི་སྨན་བཅོས་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ཏེ། ཁུལ་མི་དམངས་སྨན་ཁང་གཙོར་བཟུང་ཞིང་། རྫོང་རིམ་པའི་སྨན་ཁང6དང་། ཤང་གྲོང་གི་འཕྲོད་བསྟེན་ཁང41། སྡེ་བའི་འཕྲོད་བསྟེན་ཁང395བཅས་མཉམ་འབྲེལ་བྱས་ནས། ཁུལ་དང་རྫོང་། ཤང་། སྡེ་བ་བཅས་རིམ་པ་བཞིའི་བྲང་གཟེར་མྱུར་སྐྱོབ་དྲ་བ་ཞིག་བཙུགས་ཏེ། གཞི་རིམ་དུ་བརྟག་དཔྱད་དང་། འཕྲལ་ཏུ་སྨན་བཅོས་སྤོ་སྒྱུར་བྱེད་པ། གནད་འཁེལ་མྱུར་སྐྱོབ་བཅས་ཀྱི་སྦྲེལ་ཐག་ཞིག་ཆགས་པར་བྱས་ནས། མྱུར་སྐྱོབ་ཞབས་ཞུ་དེ་སྡེ་བ་རིམ་པར་ཐོན་པར་བྱས་ཡོད། དེ་དང་ཆབས་ཅིག་ཏུ་ཁུལ་ཡོངས་ཀྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་དམངས་ཡོངས་ཀྱི་བདེ་ཐང་ལ་བརྟག་དཔྱད་བྱེད་པ་དང་། ཁྱིམ་ཚང་སྨན་པའི་ཞབས་ཞུའི་གན་རྒྱ་བཞག་ནས།བདེ་ཐང་དོ་དམ་གྱི་འགག་སྒོ་དམ་འཛིན་བྱས་ཤིང་། སྤུས་ཚད་ལྟ་སྐུལ་ཚོད་འཛིན་གྱི་བྱ་བ་གཞི་རིམ་དུ་ཁ་ཕྱོགས་པ་དང་རྒྱུན་རྣམ་ཅན་གྱི་འཕྲལ་བསྟུན་སྦྱོང་བརྡར་བྱས་པ་བརྒྱུད་ནས། གཞི་རིམ་གྱི་མྱུར་སྐྱོབ་བྱ་བའི་ཞན་ཆ་མུ་མཐུད་དུ་ཁ་གསབ་བྱས།
ནད་པའི་ཁྱིམ་བདག་དཔལ་འཇམ་དཔལ་གྱིས་བཤད་རྒྱུར། སྔོན་ཆད་ནད་ལ་བལྟ་བར་སེམས་ཁྲལ་ཆེན་པོ་ཡོད་པ་དང་། ད་ལྟ་མྱུར་སྐྱོབ་རླངས་འཁོར་ཡོང་བ་མགྱོགས་པ་དང་སྨན་པའི་ཆེད་ལས་བྱང་ཚད་ཀྱང་མཐོ་བས་སེམས་པ་བདེ་ལ་འབབ་ཐུབ་ཟེར།
མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ཆེད་མཁས་པའི་སྣེ་ཁྲིད་འོག ས་གནས་སྨན་བཅོས་ཀྱི་ཆུ་ཚད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་། མིག་སྔར་ཁུལ་ཡོངས་སུ་བྲང་གཟེར་དང་། གཟའ་ནད། རྨས་སྐྱོན། ཉེན་ཁ་ཆེ་བའི་སྦྲུམ་མའི་སྐྱོབ་བཅོས། ཉེན་ཁ་ཆེ་བའི་ཕྲུ་གུ་དམར་འབྱར་གྱི་སྐྱོབ་བཅོས་སོགས་འཕྲལ་བཅོས་མྱུར་སྐྱོབ་ཀྱི་ལྟེ་གནས་ཆེན་པོ་ལྔ་བསྐྲུན་ཟིན་པ་དང་། ཁུལ་མི་དམངས་སྨན་ཁང་གི་བྲང་གཟེར་ལྟེ་གནས་ལ་རྒྱལ་ཁབ་གཞི་རིམ་རིམ་པའི་པར་གཞིའི་ངོས་ལེན་ཐོབ་པ་དང་། རྫོང་རིམ་པའི་བྲང་གཟེར་ལྟེ་གནས་ཡོངས་ལ་ཞིང་ཆེན་རིམ་པ་ཡན་གྱི་ངོས་ལེན་ཐོབ་ཡོད། ཤང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང39ཡི་བྲང་གཟེར་སྐྱོབ་བཅོས་ཁང་ལ་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་ཐོབ་ཡོད། གཞི་གཅིག་ཡན་ལག་གཉིས་ཀྱི་ལམ་ལུགས་ནི་ཁུལ་མི་དམངས་སྨན་ཁང་དེ་གཞི་གཅིག་ཏུ་འཛིན་པ་དང་། གཙོ་གནད་ས་ཁུལ་དེ་ཡན་ལག་གཉིས་སུ་བཟུང་ནས། རྒྱལ་ལམ་གཙོ་བོ་དང་ཡུལ་སྐོར་དུས་ཚིགས་ལེགས་ཤོས་ཀྱི་མྱུར་སྐྱོབ་དགོས་མཁོར་གནད་ལ་འཁེལ་གྱིས་སྦྲེལ་མཐུད་བྱས་ཏེ། མྱུར་དུ་སྨན་བཅོས་དང་ལེན་བྱེད་ཐུབ་པ་མངོན་འགྱུར་བྱུང་ཡོད།
མཚོ་ལྷོ་ཁུལ་གྱིས་སྙིང་པར་རླབས་རིས་མ་ལག་གཅིག་གི་འཛུགས་སྐྲུན་ལ་མགྱོགས་པོར་སྐུལ་འདེད་བྱས་ཏེ། གཞི་རིམ་དུ་སྙིང་པར་རླབས་རིས་སྒྲིག་ཆས་དང་རྒྱང་བསྟེན་ནད་བརྟག་སྟེགས་བུ་བཙུགས་ནས། བྲང་གཟེར་གྱི་དུས་ཐོག་སྨན་བཅོས་དང་དལ་ནད་དོ་དམ་གྱི་ཡུན་རིང་གནད་དོན་ཐག་བཅད་དེ། མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་ཀྱི་མ་ལག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་རྒྱུ་རེད།།