ཞིང་ཆེན་ཡོངས་ཀྱི་དགུན་གྲོ་སྤྱི་ཆིང་ཁྲི1.13ཚང་མ་བསྡུས་ཚར།
ཉེ་ཆར་ས་གནས་ཁག་གཅིག་རྗེས་གཉིས་མཐུད་ངང་སྟོན་བསྡུའི་དུས་ཚིགས་སུ་སླེབས་པ་དང་། སྟོན་འབྲུ་ཤར་ནས་ནུབ་བར་དང་ལུང་པ་ནས་རི་ཁུལ་བར་གཅིག་རྗེས་གཉིས་མཐུད་ངང་ཐོན་འབབ་བྱུང་ནས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་དུས་བབ་བཟང་བ་དང་ལོ་ལེགས་ཡོང་བའི་རེ་བ་ཡོད་པ་རེད། ཟླ8པའི་ཚེས27ཉིན་བར་ལོ་ཏོག་སྣ་ཚོགས་སྤྱི་ཆིང་ཁྲི11.73བསྡུས་པ་དེས་ལོ་ཏོག་སྤྱིའི་འདེབས་ཁྱོན་གྱི19%ཟིན་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་གྱིས་ཀྲུང་དབྱང་གི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྒོར་ཁྲི2201བརྩོན་ལེན་བྱས་ཏེ་ཟི་ལིང་དང་མཚོ་ཤར། མཚོ་ལྷོ། མཚོ་ནུབ་བཅས་གྲོང་ཁྱེར(ཁུལ)4ལ་འབྲུ་སྣུམ་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་ཞིང་ལས་གཉེར་སྐྱོང་ཁང་གསར་པའི་གསོ་སྐྱོང་ལས་གཞི་ལག་བསྟར་བྱས་པ་དང་། འབྲུ་སྣུམ་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་ཁྱབ་ཁོངས་དེ་ཐོན་ཁུལ་གཙོ་བོའི་རྫོང6ནས13བར་རྒྱ་ཆེར་བཏང་ནས། འབྲུ་སྣུམ་ཚལ་གསུམ་གྱི་གཉེར་སྐྱོང་ཁང་གསར་པ200ལྷག་ཙམ་ལ་རོགས་སྐྱོར་བྱས་ཡོད།
ལྗང་མདོག་གི་ཐོན་འབབ་མང་ཞིང་ཕན་འབྲས་ཆེ་བ། ཐོན་འབབ་འཕར་བའི་ལག་རྩལ་དང་རེས་མོས་འདེབས་འཛུགས། ཆུ་ལུད་གཞི་གཅིག་ཅན། ས་བོན་ཐུམ་སྒྲིལ། གཏོར་གཅིག་འགོག་གསུམ་བཅས་དང་དེ་མིན་འཕྲུལ་ཆས་ཅན་ཆེ་གྲས་ཀྱི་སྤུས་ལེགས་འདེབས་འཛུགས་སོགས་ཀྱི་ལག་རྩལ་ཕྱོགས་བསྡུས་སྒོས་ཁྱབ་གདལ་དུ་བཏང་ཞིང་། སོན་བཟང་དང་ཐབས་བཟང་། འཕྲུལ་བཟང་། ཞིང་བཟང་བཅས་བཟང་པོ་བཞིའི་འགག་རྩའི་ལག་རྩལ་མཉམ་འདྲེས་བྱེད་ཤུགས་ཆེ་རུ་བཏང་ནས་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་འགུལ་སྐྱོད་ནུས་ལྡན་སྤེལ་ཡོད།
ཞིང་ཆེན་དང་གྲོང་ཁྱེར། རྫོང་(ས་ཁུལ)བཅས་ཀྱི་ཆེད་ལས་ལག་རྩལ་མི་སྣ400ལྷག་ཙམ་ཡུལ་དངོས་སུ་བསྐྱོད་དེ་ཞིང་ལས་ལག་རྩལ་མི་སྣ་གྲོང་ཚོར་བསྐྱོད་པ་དང་དུད་ཁྱིམ་ལ་འགན་གཙང་ལེན་བྱེད་པ། ཞིང་ལས་གཉེར་སྐྱོང་ཁང་ལ་འབྲེལ་གཏུག་བྱེད་པའི་འགུལ་སྐྱོད་སྤེལ་བ་དང་། ས་མུའུ་ཁྲི་བརྒྱ་སྟོང་གི་དཔེ་སྟོན་རྟེན་གཞི513བསྐྲུན་ནས། མུའུ་རེའི་ཐོན་ཚད་ལག་རྩལ་རྨོ་ཞིང་དུ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཞིང་། འབྲུ་སྣུམ་གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་ལག་རྩལ་དམིགས་སར་འབྱོར་ཚད་བརྒྱ་ཆའི95ཡན་ཟིན་ཡོད།