གནས་ཚུལ། 详情

རང་ཁུལ་གྱི་སློབ་གྲྭ་སོ་སོས་སློབ་མགོ་གསར་བ་མགོ་བརྩམས་བྱུང་།

གསེར་མདོག་གི་སྟོན་དུས་འདིར་མཚོ་ལྷོ་ཁུལ་གྱི་ས་གནས་ཁག་གི་སློབ་གྲྭ་སོ་སོས་སྔ་གཞུག་ཏུ་སློབ་མགོ་གསར་པ་བརྩམས་བྱུང་ལ། སློབ་བུ་དག་སློབ་གྲྭར་འབྱོར་ནས་སློབ་རའི་གླིང་ཁུལ་དུ་འདུ་འཛིའི་རྣམ་པས་ཁེངས་ཡོད། སློབ་ཁུལ་གསར་པ་སྤྱོད་མགོ་བརྩམས་པ་ལས་སློབ་གྲོགས་ཚོར་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་པ་དང་སློབ་སྐབས་གསར་བར་འབད་པས་བསྐྱོད་པར་སྟེགས་བུ་བསྐྲུན་ཡོད།

 ཟླ9པའི་ཚེས1ཉིན་གྱི་ཞོགས་པར་གུང་ཧོ་རྫོང་སློབ་ཆུང་དང་པོའི་སློབ་ཁུལ་གསར་པའི་ནང་དུ་སྤྲོ་སྐྱིད་ཀྱིས་ཁེངས་འདུག སློབ་གྲྭའི་དགེ་རྒན་དང་ལས་བཟོ་བ་སྔ་མོ་ནས་སློབ་གྲྭར་ཡོང་ནས་ལས་རེས་སྲུང་བ་དང་། སློབ་གྲྭའི་སྒོ་ཁར་གོ་རིམ་ལྡན་པའི་སྒོ་ནས་སློབ་གྲྭར་ལོག་པའི་སློབ་མར་བསུ་བ་བྱས་ཏེ། ནུས་ཤུགས་ཡོད་རྒུས་སློབ་སྐབས་གསར་པའི་སློབ་མགོ་ཚུགས་པའི་བྱ་བར་འགན་སྲུང་གང་ལེགས་བྱས། སློབ་མགོ་ཚུགས་པའི་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱ་ཆེད། སློབ་གྲྭའི་དགེ་རྒན་དང་ལས་བཟོ་ཡོངས་སྔོན་ལ་ལས་རྐང་དུ་ཕྱིར་ལོག་པ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། སློབ་མགོ་ཚུགས་པའི་གྲ་སྒྲིག་བྱ་བ་ལེགས་པོ་བསྒྲུབས་པ་རེད།

 གུང་ཧོ་རྫོང་སློབ་ཆུང་དང་པོའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སློབ་གཙོ་མཱ་ཡན་གྱིས་བཤད་རྒྱུར། ད་ལོའི་སྟོན་ཀར་ང་ཚོའི་སློབ་གྲྭའི་སློབ་ཁུལ་གསར་པ་བདེ་བླག་ངང་སྤྱོད་མགོ་ཚུགས་བྱུང་ལ། དེ་རིང་སློབ་སྐབས་གསར་པའི་སློབ་མགོ་ཚུགས་པ་དང་། སློབ་བུ་ཚོ་སློབ་ཁུལ་གསར་བར་ཐོན་ནས་ཚང་མ་དགའ་སྤྲོས་ཁེངས་འདུག རྗེས་ཕྱོགས་ང་ཚོས་སློབ་ཁུལ་གསར་པ་མགོ་རྩོམ་སར་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་གཤིས་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ནས། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་ཞིག་གཉེར་བ་དང་སེམས་རྣལ་དུ་ཕབ་ནས་སློབ་གསོའི་སློབ་ཁྲིད་དང་བཅུད་ལྡན་ཟ་མར་འགན་སྲུང་ལེགས་པོ་བྱས་ཏེ། སློབ་བུ་ཚོའི་བདེ་ཐང་ལ་སྲུང་སྐྱོང་དང་དགའ་སྤྲོའི་ངང་འཚར་ལོངས་ཡོང་བར་བྱས་ནས། དུས་རབས་ཀྱི་ལས་འགན་ལྕི་མོ་འཁུར་ཕོད་པའི་གཞོན་ནུ་ལོ་ཆུང་སྐྱེད་སྲིང་བྱེད་པར་ཧུར་བརྩོན་བྱ་རྒྱུ་ཡིན་ཟེར། 

 རྒྱུས་ལོན་བྱུང་བ་ལྟར་ན། གུང་ཧོ་རྫོང་སློབ་ཆུང་དང་པོའི་སློབ་ཁུལ་གསར་པའི་རྒྱ་ཁྱོན་ལ་མུའུ80.79ཡོད་པ་དང་། སྤྱིའི་བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ31362ཡོད། སློབ་ཁུལ་གསར་པ་སྤྱོད་མགོ་བརྩམས་པ་ལས་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དེ་གཞི་རྩའི་དོ་སྙོམས་ནས་སྤུས་ལེགས་དོ་སྙོམས་སུ་སླེབས་པར་སྐུལ་འདེད་བྱས་ཡོད། གཙང་ཞིང་གྲལ་དག་པའི་སློབ་ཁང་དང་། ཅོག་ཙེ་དང་རྐུབ་སྟེགས་གསར་པ་སོགས་ཡོད་པས་སློབ་སྦྱོང་གི་ཁོར་ཡུག་ལ་མཐུན་རྐྱེན་ལེགས་པོ་སྐྲུན་ཡོད། 

གུང་ཧོ་རྫོང་སློབ་ཆུང་དང་པོའི་སློབ་མ་ཀྲང་ཡཱ་ཆི་ཡིས་བཤད་རྒྱུར། སློབ་ཁུལ་གསར་པའི་ཁོར་ཡུག་མཛེས་ལ་སྒྲིག་ཆས་འཐུས་ཚང་ཡིན་པས། ང་ཚོར་སློབ་སྦྱོང་གི་ཆ་རྐྱེན་ལེགས་པོ་ཞིག་སྐྲུན་ཡོད། ཕྱིན་ཆད་ངས་རང་ཉིད་ལ་རེ་བ་ནན་མོ་བཏོན་ཏེ། སློབ་ཁྲིད་ལ་ནན་ཏན་གྱིས་ཉན་པ་དང་སློབ་སྦྱོང་ལ་བརྩོན་པ་བྱས་ནས་སློབ་གྲྭ་དང་ཁྱིམ་བདག་གི་རེ་བ་སྟོང་ཟད་དུ་མི་གཏོང་ཟེར།


热门新闻

热门图库

热门排行