ལ་ཟེ་བ་གྲོང་བརྡལ་གྱིས་སློབ་ཆེན་སློབ་མ་གསར་པ་སྐྱེལ་མ་བྱེད་པའི་གཟེངས་བསྟོད་བྱ་འགུལ་དང་ཕ་ཡུལ་གྱི་རིག་གནས་ལ་ཞིབ་འཇུག་སློབ་སྦྱོང་ལག་བསྟར་བྱེད་པའི་བྱ་འགུལ་སྤེལ།
ཉེ་ཆར། ཁྲི་ཀ་རྫོང་ལ་ཟེ་བ་གྲོང་བརྡལ་གྱིས2026ལོའི་སློབ་ཆེན་སློབ་མ་གསར་པ་སྐྱེལ་མ་བྱེད་པའི་གཟེངས་བསྟོད་བྱ་འགུལ་སྤེལ་ཞིང་། གཟེངས་བསྟོད་སྐུལ་ལྕག་དང་མིག་དཔེ་སྣེ་ཁྲིད།
ཕ་ཡུལ་གྱི་རིག་གནས་ལ་ཞིབ་འཇུག་སློབ་སྦྱོང་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་སློབ་བུ་ཚོས་ཕུགས་འདུན་རིམ་བཞིན་མངོན་འགྱུར་འབྱུང་བར་ནུས་ཤུགས་བཏོན་པ་དང་། སློབ་སྦྱོང་ལ་བརྩི་མཐོང་དང་སློབ་གསོར་མཐོང་ཆེན་བྱེད་པའི་དམངས་སྲོལ་སྔར་ལས་དར་སྤེལ་དུ་བཏང་སྟེ། ཕ་ཡུལ་གྱི་གྲོང་གསེབ་དར་རྒྱས་ལ་ན་གཞོན་འཇོན་མི་སྐྱེད་སྲིང་བྱས་པ་རེད།
ཟླ8པའི་ཚེས21ཉིན། ལ་ཟེ་བ་གྲོང་བརྡལ་གྱིས་ལང་ཚོའི་ཕུགས་བསམ་ཉར། འོད་སྣང་ཕྱོགས་སུ་སྙེག་ཅེས་པའི2026ལོའི་སློབ་ཆེན་སློབ་མ་གསར་པ་སྐྱེལ་མ་བྱེད་པའི་བྱ་འགུལ་སྤེལ་བ་དང་། ད་ལོར་སློབ་ཆེན་ལ་རྒྱུགས་འཕྲོད་པའི་སློབ་མ་གསར་པ་དང་སློབ་མའི་ཁྱིམ་བདག སྡེ་བའི་ཨུ་ལྷན་གཉིས་ཀྱི་ལས་བྱེད་པ་དང་དགེ་སློབ་འཐུས་ཚབ་པ་བཅས་གནས་འདིར་འཛོམས་ཏེ་སློབ་མ་ཚོའི་ཕུགས་བསམ་མངོན་འགྱུར་བྱུང་བར་མཉམ་དུ་རྟེན་འབྲེལ་ཞུས།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ལ་ཟེ་བ་གྲོང་བརྡལ་གྱིས་མཐོ་རྒྱུགས་ལ་སླར་ཡང་གྲུབ་འབྲས་བཟང་པོ་བླངས་ཤིང་། གྲོང་བརྡལ་ཡོངས་ཀྱི་ཁྱོན་བསྡོམས་སློབ་མ54མཐོ་རྒྱུགས་ལ་ཞུགས་པ་དང་སློབ་མ28ཀྱིས་གྲ་སྒྲིག་ཚན་ཁག་དང་དེའི་ཡན་ལ་རྒྱུགས་འཕྲོད་པས། མཐོ་རྒྱུགས་ཀྱི་རྒྱུགས་འཕྲོད་ཚད52%ཟིན་ཡོད་པ་རེད།
གཡུར་དུ་ཟ་བའི་གྲུབ་འབྲས་དེ་ནི་ལ་ཟེ་བ་གྲོང་བརྡལ་གྱི་སློབ་གསོའི་རོགས་སྐྱོར་དང་འཇོན་མི་སྐྱེད་སྲིང་ལ་ནུས་ཤུགས་བཏོན་པའི་མཚོན་རྟགས་ཤིག་ཡིན་ལ། ལ་ཟེ་བ་གྲོང་བརྡལ་གྱིས་མཚོ་ལྷོ་ཁུལ་གྱི་ཅན་བཅུའི་ཏང་འཛུགས་སྐྱོང་གི་བྱ་བའི་བླང་བྱར་བརྟེན་ནས་ཐོན་སྐྱེད་འཕེལ་རྒྱས་ཚོགས་ཆུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ས་གནས་ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་བཙུགས་ནས་སྲིད་གཞུང་ཁེ་ལས་མཉམ་འབྲེལ་དང་། ཁོངས་གཏོགས་ཁུལ་གྱི་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་བྱས་ཤིང་། ཐེངས་འདིའི་བྱ་འགུལ་ཁྲོད་ཁྱོན་བསྡོམས་སློབ་སྐྱོར་བྱ་དགའི་མ་དངུལ་སྒོར་ཁྲི3གྲབས་གསོག་བྱས་ཏེ། ཕུལ་བྱུང་སློབ་ཆེན་སློབ་མ་གསར་པ28ལ་བྱ་དགའི་རོགས་དངུལ་སྤྲད་ནས། བྱེད་ཐབས་དངོས་ལ་བརྟེན་ནས་སློབ་བུར་གཅེས་སྐྱོང་དང་འཚར་ལོངས་འབྱུང་བར་རོགས་རམ་བྱས་ཏེ། གྲོང་བརྡལ་ཡོངས་ཀྱིས་རིག་གནས་ལ་བརྩི་མཐོང་དང་སློབ་གསོར་མཐོང་ཆེན། སློབ་སྦྱོང་ལ་རོགས་རམ་དང་སློབ་གསོ་དར་སྤེལ་དུ་གཏོང་བའི་དམངས་འཚོའི་གྲུབ་འབྲས་མངོན་པར་བྱས།
ལ་ཟེ་བ་གྲོང་བརྡལ་གྱི་སློབ་ཆེན་སློབ་མ་གསར་བ་ཡུམ་ཆེན་རྡོ་རྗེ་ཡིས་བཤད་རྒྱུར། དེ་རིང་སློབ་མ་གསར་པ་སྐྱེལ་མ་བྱེད་པའི་མཛད་སྒོ་བསྡུས་པ་དང་། རང་ཉིད་ཕ་ཡུལ་གྱི་སློབ་ཆེན་སློབ་མ་ཞིག་ཡིན་པའི་ངོས་ནས་སེམས་ལ་དྲོད་ཁོལ་དང་གཟི་བརྗིད་ལྡན་པ་ཞིག་རེད། བྱ་འགུལ་འདི་ལས་སྲིད་གཞུང་གིས་རང་ས་གནས་ཀྱི་སློབ་ཆེན་སློབ་མ་གསར་པར་བཅངས་པའི་ཐུགས་ཁུར་དང་རེ་བ་མཚོན་ཡོད། དེ་ནི་གཟི་བརྗིད་ཅིག་ཡིན་ལ་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཀྱང་ཡིན་པས་ང་ལ་སློབ་ཆེན་གྱི་འཚོ་བར་ཞུགས་པར་ཡིད་ཆེས་བསྩལ་བྱུང་ཟེར།
མཛད་སྒོ་མཇུག་རྫོགས་རྗེས། ཕ་ཡུལ་གྱི་རིག་གནས་ལ་ཞིབ་འཇུག་སློབ་སྦྱོང་བྱེད་པའི་སློབ་ཁྲིད་ཅིག་བྱས་པ་དང་། སློབ་བུ་ཚོ་སྔ་རྗེས་སུ་སྣེའུ་སྣ་ཆུ་གློག་ས་ཚིགས་དང་འཁྱག་ཆུའི་ཉའི་གསོ་སྤེལ་རྟེན་གཞི་བཅས་སུ་སོང་ནས་དམངས་སྲོལ་འགྲེམ་ཁང་དང་ཆུ་ནག་སྦལ་ཁ་རུ་ཕ་ཡུལ་གྱི་འཕེལ་རྒྱས་ལ་རྒྱུས་ལོན་བྱས་ཏེ། ཕ་ཡུལ་གྱི་འཕོ་འགྱུར་ཚོར་དུ་བཅུག