རྒྱལ་སྤྱི། 详情

ཞི་ཅིན་ཕིང་པི་སི་ཁེ་ཁུ་ལ་འབྱོར་ནས2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པར་མ་ཟད་ཅིར་ཅི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་།

ས་གནས་འདིའི་དུས་ཚོད་ཟླ8པའི་ཚེས30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་པི་སི་ཁེ་ཁུ་ལ་འབྱོར་པ་དང་། ཅིར་ཅི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུའུ་ཡི་གདན་ཞུས་ལྟར། 2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པར་མ་ཟད་ཅིར་ཅི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་འདིའི་དུས་ཚོད་ཟླ8པའི་ཚེས30ཉིན་གྱི་ཕྱི་དྲོར། ཅིར་ཅི་སི་ཐན་གྱི་རྒྱལ་ས་པི་སི་ཁེ་ཁུའི་མཱ་ན་སི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་གནས་འདིར་ཕེབས་ཤིང་། ཅིར་ཅི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུའུ་ཡི་གདན་ཞུས་ལྟར་ཅིར་ཅི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་བར་མ་ཟད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་གཙོ་འཛིན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་དྲུག་པར་ཞུགས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲི་ཡིས་ཀྲུང་གོ་དང་ཅིར་ཅི་སི་ཐན་གྱི་འབྲེལ་བར་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཀོད་པར་མ་ཟད། ཕྱོགས་གཉིས་ཀྱིས་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་འཕེལ་རིམ་གསར་པ་བསྐྱོད་རྒྱུར་སྐུལ་འདེད་བཏང་།

ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་གཉིས་པི་སི་ཁེ་ཁུའི་མཱ་ན་སི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་སྐབས། སྲིད་འཛིན་ཀྲ་ཕ་ལུའོ་ཧྥུའུ་བཟའ་ཟླ་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། ཀྲ་ཕ་ལུའོ་ཧྥུའུ་ཡིས་ཕིན་ལིས་ཡོན་ལ་མེ་ཏོག་ཕུལ། ས་གནས་དེའི་ན་གཞོན་སྐྱེས་མས་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ཟླ་གཉིས་ལ་སྲོལ་རྒྱུན་གྱི་ཐུག་པ་དང་སྦྲང་རྩི་ཕུལ་བ་དང་། སྲོལ་རྒྱུན་གྱི་གུས་སྲོལ་ལྟར་ཆེས་གུས་པར་འོས་པའི་མགྲོན་པོ་ལ་དགའ་བསུ་བྱས། གུས་དམག་གིས་ས་གདན་དམར་པོའི་ཕྱོགས་གཉིས་སུ་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་སྐུ་ཟླ་རྣམ་པས་ས་གནས་དེའི་སྲོལ་རྒྱུན་གྱི་རོལ་ཆའི་དཀྲོལ་གཏོང་འཁྲབ་སྟོན་དང་། རྔོན་ཁྲ་དང་། རྔོན་ཁྱི། སྲོལ་རྒྱུན་དཔའ་རྟུལ་གྱི་རུ་སྟར་གྲུ་བཞི་དང་། སྐྱ་མི་རུ་ཁག ཕྱིང་གུར་སོགས་ཀྱི་རིག་གནས་འགྲེམ་སྟོན་ལ་ལྷན་གཅིག་ཏུ་གཟིགས་ཞིབ་གནང་།

ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་སྟེ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་གནང་ནས་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུའུ་དང་ཅིར་ཅི་སི་ཐན་གྱི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་འདུན་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཅིར་ཅི་སི་ཐན་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། བརྗིད་ཉམས་ལྡན་པའི་ཐེན་ཧྲན་གྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ལོ་ངོ་སྟོང་གི་མཛའ་བརྩེའི་འགྲོ་འོང་གི་ལོ་རྒྱུས་བདེན་དཔང་བྱས་ཡོད། ཕྱི་འབྲེལ་བཙུགས་ནས་ལོ34འགོར་བའི་རིང་། ཀྲུང་གོ་དང་ཅིར་ཅི་སི་ཐན་གྱི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཚོད་བགམ་བརྒྱུད་མྱོང་པ་དང་། ཐོག་མཐའ་བར་གསུམ་དུ་བདེ་ཐང་དང་བརྟན་བརླིང་ངང་འཕེལ་རྒྱས་སོང་སྟེ། དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆུ་ཚད་མཐོན་པོར་སླེབས་ཡོད། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་ཧ་ཅང་མགྱོགས་པའི་དུས་སྐབས་ཆེས་ལེགས་ཤོས་སུ་སླེབས་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་གྲངས་འབོར་དང་། རྒྱལ་ཁབ་གཉིས་ཀྱི་མི་སྣ་འགྲོ་འོང་ཐད་སླར་ཡང་ཟིན་ཐོ་གསར་པ་བསྐྲུན་ཞིང་། ཀྲུང་ཁེར་ཨུ་ལྕགས་ལམ་སོགས་ལས་གཞི་ཆེ་གྲས་བདེ་བླག་ངང་ལག་བསྟར་བྱས་པ་དང་། མིག་མཐོང་ལག་ཟིན་དུ་གྱུར་བའི་གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་རྒྱ་ཁྱབ་ཏུ་ཕན་པར་བྱས། འཚམས་འདྲི་གནང་སྐབས། ངས་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུའུ་དང་མཉམ་དུ་ཀྲུང་ཁེར་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་དང་དེ་མིན་ཐུན་མོང་གིས་སེམས་ཁྲལ་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་གང་ལེགས་བྱས་ཏེ། ཀྲུང་ཁེར་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་འཆར་གཞི་གསར་པ་འགོད་རྒྱུ་ཡིན། ངས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་པི་སི་ཁེ་ཁུ་རྩེ་ཚོགས་ལ་ཞུགས་ནས་ཕྱོགས་སོ་སོ་དང་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་ཀྱིས་གནམ་གྲུར་བསྡད་ནས་ཕེབས་རོགས་བྱས།

ཅིར་ཅི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིའུ་ཅང་ཕིང་ཡང་གནམ་གྲུ་ཐང་དུ་ཕེབས་ནས་བསུ་བ་བྱས།།

热门新闻

热门图库

热门排行