གནས་ཚུལ། 详情

སྐབས་གསུམ་པའི་རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག་ཅེས་པའི་རིམ་འདས་འགྲན་བསྡུར་ལས་མཚོ་ལྷོའི་འགྲན་ཁུལ་གྱི་འགྲན་བསྡུར་མགོ་བརྩམས།

ཟླ8པའི་ཚེས30ཉིན། སྐབས་གསུམ་པའི་རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག་ཅེས་པའི་རིམ་འདས་འགྲན་བསྡུར་ལས་མཚོ་ལྷོའི་འགྲན་ཁུལ་དུ་མཚོ་ལྷོ་ལུང་གཡང་རུ་ཁག་གིས་མཚོ་ནུབ་ཚ་འདམ་རུ་ཁག་ལ་འགྲན་བསྡུར་བྱས་པ་དང་། སྐར་མ90ཡི་ཛ་དྲག་གི་འགྲན་བསྡུར་བརྒྱུད་མཐར་མཚོ་ལྷོ་ལུང་གཡང་རུ་ཁག་གིས5བསྡུར0གི་སྐར་འབྲས་བླངས་ཏེ་འགྲན་རྒྱལ་བྱུང་།

ཕྱི་དྲོའི་ཆུ་ཚོད་གཉིས་དང་སྐར་མ་བཅུའི་སྟེང་། རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག་ཅེས་པའི་རིམ་འདས་འགྲན་བསྡུར་ལས་མཚོ་ལྷོའི་འགྲན་ཁུལ་གྱི་མགོ་རྩོམ་མཛད་སྒོ་དེ་བདེ་སྐྱིད་མཉམ་སྤྱོད་ཅེས་པའི་ཞབས་བྲོའི་ཁྲོད་དུ་མགོ་བརྩམས་ཤིང་། གར་གྱི་སྟངས་སྟབས་འབད་འཐབ་ཀྱི་སྙིང་སྟོབས་སུ་བསྒྱུར་བ་དང་། ཞིན་ཧེ་ནི་འབྱོར་ལྡན་གྱི་ཕ་ས་ཡིན་ཞེས་པའི་གླུ་དབྱངས་ཀྱིས་བསྟོད་གླུ་ཕུལ་ཏེ། མཚོ་ལྷོ་ཁུལ་གྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་སྤོབས་པས་ཁེངས་པའི་རྣམ་པ་གསར་པ་མངོན་ལ། ས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་རྒྱལ་ཁབ་ལ་བརྩེ་བ་བཅངས་པའི་རིག་རྩལ་ལེ་ཚན་རེ་རེ་ལས་མཚོ་ལྷོ་ཁུལ་གྱི་རྔམ་མཐུག་པའི་མི་རིགས་རིག་གནས་དང་རིགས་སོ་སོའི་མང་ཚོགས་ཀྱི་སྤོབས་པ་ཆེར་བསྐྱེད་ཀྱི་བསམ་པའི་རྣམ་པ་མངོན་ནས། རྐང་གྲུག་འགྲན་དོན་ལ་རིག་གནས་ཀྱི་གསོན་ཤུགས་བསྩལ་བ་རེད།

ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་ཤན་འབྱེད་པའི་བརྡ་བཏང་བ་དང་བསྟུན་ནས།མཚོ་ལྷོ་ལུང་གཡང་རུ་ཁག་དང་མཚོ་ནུབ་ཚ་འདམ་རུ་ཁག་གི་འགྲན་བསྡུར་དངོས་སུ་མགོ་བརྩམས་ཤིང་། ལུས་རྩལ་ར་བར་ཛ་དྲག་གི་རྣམ་པས་ཁེངས་ཤིང་ཕྱོགས་གཉིས་ཀྱི་རུ་མི་རྣམས་ཀྱིས་སྤོ་ལོ་འཕྲོག་རེས་དང་ཕན་ཚུན་གཞོགས་འདེགས་སོགས་བརྒྱུད་དེ་རྔུལ་ཆུ་འདོན་བཞིན་རྩེར་སོན་གྱི་རྐང་རྩལ་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་མངོན་པ་དང་། སྟེགས་བུའི་སྟེང་གི་གྲུག་ཞེན་པ་དག་གིས་དགའ་འབོད་བྱེད་བཞིན་ལག་གི་དར་ཆ་གཡུག་པ་དང་མཁར་རྔ་རྡུང་ཞོར་དུ་རང་རང་གིས་རྒྱབ་སྐྱོར་བྱེད་པའི་རྐང་གྲུག་རུ་ཁག་ལ་ཤུགས་རྒྱག་བཞིན་པས། ཡུལ་དངོས་སུ་སྤྲོ་དགའི་རྣམ་པས་ཁེངས་པ་དང་། རུ་མི་རྣམས་ཀྱིས་མཐོ་སྒང་གི་གནམ་གཤིས་ལ་མ་འཛེམ་པར་སྐར་མ90ཡི་འགྲན་རིམ་ཧྲིལ་བོར་ནུས་ཤུགས་ཡོད་རྒུས་འགྲན་བསྡུར་བྱས་མཐར། མཚོ་ལྷོ་ལུང་གཡང་རུ་ཁག་གིས5བསྡུར0གི་སྐར་འབྲས་བླངས་ཏེ་མཚོ་ནུབ་ཚ་འདམ་རུ་ཁག་ལས་འགྲན་རྒྱལ་བྱུང་།

མཚོ་ལྷོ་ལུང་གཡང་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོ་ཁྲེ་ཀུའོ་མིན་གྱིས་བཤད་རྒྱུར།  སྐབས་འདིའི་རབ་མཛེས་མཚོ་སྔོན་མཐོ་སྒང་རྐང་གྲུག་རྩེ་རིམ་འགྲན་བསྡུར་ཁྲོད། ང་ཚོ་མཚོ་ལྷོ་ལུང་དབྱང་རུ་ཁག་གིས་རང་ས་གནས་ཀྱི་ཕུལ་བྱུང་ལོ་ཆུང་གཞོན་ནུའི་ལུས་རྩལ་པ་གཅིག་སྡུད་སྒོས་སྐྱེད་སྲིང་བྱེད་པ་གཙོར་བཟུང་སྟེ་འགྲན་བསྡུར་ལ་ཞུགས་ཐུབ་པར་བྱས། ད་ལྟ་འགྲན་བསྡུར་མཇུག་བསྡུ་ལ་ཉེ་བ་དང་། ང་ཚོས་ལོ་ཆུང་གཞོན་ནུའི་སྐྱེད་སྲིང་བྱས་པའི་ཐད་ལའང་གྲུབ་འབྲས་བླངས་ཡོད། ལོ་ན16ནས18བར་གྱི་རུ་མི་མང་པོ་ཞིག་འགྲན་བསྡུར་ལ་ཞུགས་པར་མ་ཟད་རུ་མི་གཙོ་བོ་རུའང་གྱུར་ཡོད། དེ་ལས་ང་ཚོས་ན་གཞོན་རུ་ཁག་གི་སྦྱོང་བརྡར་གྱི་རྨང་གཞིའི་བྱ་བ་དང་མཚོ་ལྷོ་ལུང་དབྱང་རུ་ཁག་གི་དར་མའི་རུ་ཁག་གི་འབྲེལ་མཐུད་བྱ་བ་ལེགས་པར་བསྒྲུབས་ཡོད་པ་མཚོན་ཡོད། རྗེས་མའི་འགྲན་བསྡུར་གཉིས་ནི་གནད་འགག་ཡིན་པས་འགྲན་བསྡུར་རེ་རེར་ཤུགས་བརྒྱབ་ནས་མཇུག་འབྲས་བཟང་པོ་ཞིག་ལེན་པར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།

འགྲན་རའི་ནང་གི་ལུས་རྩལ་པ་དག་གི་རྩལ་ནུས་འདོན་པ་དང་འགྲན་རའི་ཕྱི་རོལ་གྱི་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་ལ་དགའ་བསུ་ཆེན་པོ་ཐོབ། འགྲན་བསྡུར་གྱི་སྐབས་སུ་མཚོ་ལྷོ་ཁུལ་གྱིས་རང་ས་གནས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང་ཁུལ་བཀོད་སྒྲིག་ལེགས་པོ་བྱས་ཏེ། ལྟད་མོ་བ་མང་པོ་རྐང་རྩེད་སྤོ་ལོའི་ལྟད་མོར་ཡོང་བར་ཡིད་དབང་བཀུག་ནས་གནས་མཆོག་མཚོ་ལྷོའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ལ་མྱོང་རོལ་བྱས།      ཤེས་རྟོགས་བྱུང་བ་ལྟར་ན།  ཐེངས་འདིའི་འགྲན་བསྡུར་ལས་རྐང་རྩེད་སྤོ་ལོའི་ལྟད་མོ་བལྟ། མཐོ་སྒང་ཐོན་རྫས་མྱོང་རོལ་བྱེད། རབ་མཛེས་མཚོ་སྔོན་ཡུལ་སྐོར་བྱེད་ཅེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། མུ་མཐུད་དུ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་བརྟེན་ནས་མཚོ་ལྷོ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་དང་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་རྣམ་པ་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས། ཁམས་གསོ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་མུ་མཐུད་དུ་སྐུལ་འདེད་བཏང་།


热门新闻

热门图库

热门排行