གནད་བསྡུས། 详情

ཁྲི་ཀ་རྫོང་གིས་ཆུའི་སྐྱེ་ཁམས་སླར་གསོ་བྱས་ཏེ་མཛེས་སྡུག་གི་ཁོར་ཡུག་བསྐྲུན་པ།

རང་ཚགས་པར་གྱི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ཁྲི་ཀ་རྫོང་གིས་ཆུ་ལ་བརྟེན་ནས་གྲོང་ཁྱེར་ལྗང་བསྒྱུར་དང་། ལྗང་མདོག་ལ་བརྟེན་ནས་དམངས་ལ་ཕན་ཁེ་བསྐྲུན་པའི་འདུ་ཤེས་ལག་བསྟར་བྱས་ཏེ། རི་ཆུ་སྔོན་མོའི་མཛེས་ལྗོངས་དེ་མང་ཚོགས་ཀྱི་ཁྱིམ་ཚང་གི་སྒོ་ཁར་བསྐྲུན་པ་དང་། ལྗང་མདོག་གི་གསེར་རི་དངུལ་རི་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྟེན་བརྟན་པོ་ཞིག་ཏུ་བསྒྱུར་ནས།སྔོན་ཆད་བཙོག་ཆུ་འཁྱིལ་བའི་སྐྱེ་ཁམས་ཉམས་ཞན་གྱི་གནས་དེ་ད་ལྟ་ཀུན་གྱིས་དགའ་བསུ་བྱེད་པའི་ཡུལ་སྐོར་གནས་མཆོག་ཏུ་གྱུར་པ་དང་། སྔོན་ཆད་གད་སྙིགས་ཀྱིས་ཁེངས་པའི་གཙང་པོའི་འགྲམ་ངོགས་དེ་ད་ལྟ་ཆུ་རགས་བརྟན་པོ་དང་ལྗང་མདོག་གི་ཁྱམས་རིང་ཞིག་ཏུ་གྱུར་ཡོད།

ཁྲི་ཀ་རྫོང་གི་རྨ་ཆུའི་ཡན་ལག་ཆུ་རྒྱུན་ཏེ་འདམ་སའི་སྤྱི་གླིང་དང་སྟག་ར་ཆུ་བོར་བྱུང་བའི་འགྱུར་ལྡོག་འདི་ནི་རྨ་ཆུའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ལག་ལེན་བཟང་པོ་ཞིག་ཡིན་པ་མ་ཟད། སྐྱེ་ཁམས་ལ་བརྟེན་ནས་དམངས་ལ་ཕན་པ་བསྐྲུན་པའི་གྲུབ་འབྲས་མངོན་གསལ་ཞིག་ཀྱང་རེད།

ཁྲི་ཀ་རྫོང་རྨ་སྲིབ་གྲོང་བརྡལ་གྱི་འདམ་སའི་སྤྱི་གླིང་དུ་།རྩྭ་དང་རྩི་ཤིང་སྟུག་པོར་རྒྱས་ཤིང་ཆུ་ངོས་སུ་ཆུ་བྱ་མང་པོ་རྩེད་འཇོ་ལ་རོལ་བཞིན་ཡོད་ལ། བར་ཁྱམས་སུ་ཡུལ་སྐོར་བ་མང་པོས་མཛེས་སྡུག་གི་ཡུལ་ལྗོངས་ལ་མྱོང་རོལ་བྱེད་བཞིན་མཆིས།གནས་འདི་ནི་སྔོན་ཆད་རྨ་ཆུའི་ཆུའི་སྤུས་ཚད་ལ་གནོད་སྐྱོན་ཐེབས་སའི་ས་ཁུལ་ཞིག་རེད། གནད་དོན་དེ་ཐག་གཅོད་བྱ་ཆེད། 2019ལོ་ནས་བཟུང་ཁྲི་ཀ་རྫོང་གིས་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་བརླན་ཁུལ་བསྐྲུན་ཏེ། རྫོང་བཙོག་ཆུ་གཙང་སེལ་བཟོ་གྲྭས་གཙང་སེལ་བྱས་པའི་ཆུ་དེ་བརླན་ཁུལ་བརྒྱུད་ནས་རྨ་ཆུའི་ནང་དུ་གཏོང་བཞིན་ཡོད་པས། ད་ལྟ་ཁྲི་ཀའི་རྨ་ཆུའི་ཆུའི་སྤུས་ཚད་གཏན་འཇགས་སུ་གྱུར་ཡོད། མིག་སྔར། འདམ་སའི་སྤྱི་གླིང་གི་ཉིན་རེའི་བཙོག་ཆུ་གཙང་སེལ་བྱེད་ཚད་ཏུན་ཁྲི་གཅིག་ལྷག་ལ་སླེབས་ནས། སྔོན་ཆད་ཀྱི་སྐྱེ་ཁམས་ཉམས་ཞན་གྱི་ས་ཁུལ་དེ་ད་ལྟ་མི་རྣམས་སྤྲོ་གསེང་ལ་རོལ་བའི་གནས་མཆོག་ཅིག་ཏུ་གྱུར་ཡོད།

སྐྱེ་ཁམས་ལེགས་བསྒྱུར་གྱི་གཏམ་རྒྱུད་སྙན་མོ་འདི་འདམ་སའི་སྤྱི་གླིང་ཁོ་ནར་བྱུང་བ་ཞིག་གཏན་ནས་མིན། སྟག་ར་ཆུ་བོའི་འགྲམ་ངོགས་གཉིས་ཀྱི་ས་ཆུ་ཤོར་བ་དང་ཁོར་ཡུག་ལ་འབག་བཙོག་ཐེབས་པའི་གནད་དོན་ལ་དམིགས་ནས། ཁྲི་ཀ་རྫོང་གིས་མ་ལག་རང་བཞིན་གྱི་སྐྱེ་ཁམས་སླར་གསོའི་ལས་གཞིར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ལས་གཞི་དེའི་ཁྲོད་སྡོང་རིང་རྐང་ཁྲི7.44དང་སྡོང་ཕྲན་རྐང་ཁྲི38.63བཙུགས་ཤིང་། སྐྱེ་ཁམས་སླར་གསོ་བྱས་པའི་སྤྱིའི་རྒྱ་ཁྱོན་མུའུ800ལྷག་ལ་སླེབས་ཡོད། དེ་དང་ཆབས་ཅིག་སྔོན་ཆད་ཀྱི་སྐྱེ་ཁམས་ཉམས་ཞན་ས་ཁུལ་ལེགས་བཅོས་བྱས་ཏེ་ལྗང་མདོག་གི་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་ཡོད།

སྐྱེ་ཁམས་ཇེ་ལེགས་སུ་སོང་བ་དེས་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོར་བཏང་བ་མ་ཟད། དམངས་འཚོའི་ཕན་བདེའང་ལྡབ་ཀྱིས་འཕར་བར་བྱས། ཁྲི་ཀ་རྫོང་གིས་ཆུ་ལོག་སྔོན་འགོག་གི་བདེ་འཇགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་དུས་མཚུངས་སུ། སླར་གསོ་བྱས་པའི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་ཤིང་འབྲས་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ཡོད། ཁྲེ་ཙེ་གོང་མ་སྡེ་བས་ས་རྒོད་ཐང་སྟོང་ལྗང་བསྒྱུར་བྱས་པ་བརྒྱུད། ད་ལོར་བཙུགས་པའི་ཤིང་འབྲས་སྨིན་ནས་ལོ་ལེགས་ཀྱི་འབྲས་བུ་བླངས་ཤིང་། སྡེ་དམངས་རྣམས་ཀྱིས་ཤིང་འབྲས་མཁར་གྲོང་དུ་བཙོངས་ནས་ཡོང་སྒོ་འཕར་སྣོན་དང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད།

ད་ལྟ་རྨ་ཆུའི་རྒྱུད་ཀྱི་སྐྱེ་ཁམས་མ་ལག་གི་སྤུས་ཚད་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། ཆུ་ཁུངས་གསོ་འཁྱོངས་ཀྱི་ནུས་པའང་མུ་མཐུད་དུ་མཐོར་འདེགས་བྱུང་ཡོད། ཆུའི་སྤུས་ཀ་དེ་རྒྱལ་ཁབ་ཀྱི་ཚད་གཞི་རིམ་པ་གཉིས་པའིⅡཡན་ལ་སླེབས་ཡོད་པ་དང་། འདབ་ཆགས་རིགས་ཀྱི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། གནམ་འོག་རྨ་ཆུ་ཁྲི་ཀའི་ཡུལ་ན་དྭངས་ཞེས་པའི་སྐྱེ་ཁམས་ཀྱི་མིང་བྱང་སྙན་མོ་དེ་ཕྱོགས་ཀུན་ཏུ་ཁྱབ་ཡོད།

འདམ་སའི་སྤྱི་གླིང་ནས་སྟག་ར་ཆུ་བོའི་བར། ཁྲི་ཀ་རྫོང་གིས་ནམ་ཡང་ཆུའི་སྐྱེ་ཁམས་སླར་གསོ་བྱ་རྒྱུ་དེ་གཙོ་གནད་དུ་བཟུང་སྟེ། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་ཡོལ་བརྟན་པོ་བསྐྲུན་པ་དང་མཉམ་དུ། རི་ཆུ་སྔོན་མོའི་ཁོར་ཡུག་བཟང་པོ་ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་ལ་དངོས་ཡོད་ཀྱི་ཕན་བདེ་བསྐྲུན་དང་སྐྲུན་བཞིན་མཆིས།།

热门新闻

热门图库

热门排行