ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་མཇུག་ཏུ་ནུས་ཁུངས་གཙང་མའི་སྒྲིག་ཆས་ཀྱི་གློག་འདོན་ཚད་སྟོང་ཝ་ཁྲི6800ལ་སླེབས་སྲིད་པ།
རང་ཚགས་པར་གྱི་འཕྲིན། ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་དུས་སྐབས་སུ།རང་ཁུལ་གྱིས་ནུས་ཁུངས་ལ་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། ཐོན་ལས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་རྒྱུན་འཁྱོངས་སྒོས་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེན་མོ་གསོ་སྐྱོང་བྱས་ཏེ། རྟེན་གཞིའི་འཛུགས་སྐྲུན་དང་ནུས་མང་གསབ་རེས། གློག་དྲ་རིམ་སྤོར། རྩིས་གློག་མཉམ་སྡེབ་སོགས་གཙོ་གནད་ཁ་ཕྱོགས་ལ་དམིགས་ནས། ནུས་ཁུངས་གཙང་མའི་ཐོན་ལས་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་སྟེ། ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་དུས་མཇུག་ཏུ་ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་སྒྲིག་སྦྱོར་འཕྲུལ་ཆས་ཀྱི་གློག་འདོན་ཚད་ཀྱི་གཞི་རྒྱ་སྟོང་ཝ་ཁྲི6800ལ་སླེབས་པར་བརྩོན་ལེན་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་ནི་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ཁུལ་གྱི་ཐེག་ཁུལ་གཙོ་བོ་ཡིན་པའི་ཆ་ནས། མཚོ་ལྷོ་ཁུལ་དུ་ཆུ་གློག་དང་རླུང་གློག འོད་ནུས། ཚ་ནུས། གསོག་ནུས་བཅས་གནས་ལྔ་གཞི་གཅིག་ཅན་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་ཡོད་པ་དང་། ནུས་ཁུངས་གཙང་མ་དེ་རང་ས་གནས་ཀྱི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་། ལྗང་མདོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་དུ་གྱུར་ཡོད།
གཞི་གྲངས་ལྟར་ན2026ལོའི་ཟླ6པའི་ཟླ་མཇུག་བར་དུ་ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་དྲ་སྦྲེལ་སྒྲིག་སྦྱོར་འཕྲུལ་ཆས་ཀྱི་གློག་འདོན་ཚད་སྟོང་ཝ་ཁྲི3658སླེབས་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་སྒྲིག་སྦྱོར་འཕྲུལ་ཆས་ཀྱི་གློག་འདོན་ཚད་བསྡོམས་འབོར་གྱི46%ཟིན་ཡོད། རིགས་མི་འདྲ་བའི་ནུས་ཁུངས་ཐོན་ལས་འཛུགས་སྐྲུན་གྱི་ཕན་འབྲས་ལེགས་པོ་བླངས་ཡོད། དུས་མཚུངས་སུ་མཚོ་ལྷོ་ཁུལ་གྱིས་ས་འོག་ཚ་ནུས་ཀྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་བཏོད་དེ། གུང་ཧོ་དང་ཁྲི་ཀའི་ས་འོག་ཚ་ནུས་ཀྱི་ཐོན་ཁུངས་སྔོག་འདོན་བྱས་ནས། རྩད་ཞིབ་དང་ཞིབ་འཇུག་གསར་སྤེལ། བེད་སྤྱོད་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་བཏོད་དེ། ས་འོག་ཚ་ནུས་ཀྱི་གཅིག་སྡུད་དྲོད་རླངས་མཁོ་འདོན་དང་དེ་མིན་ས་འོག་ཚ་ནུས་དང་སྣ་མང་བེད་སྤྱོད་ཀྱི་རྣམ་པ་རྒྱ་སྐྱེད་དེ་ཁྱད་ལྡན་ལྗང་མདོག་ཐོན་ལས་ཀྱི་འཕར་གཞི་གསོ་སྤེལ་བྱས།།