གཙོ་གནད།2 详情

ཞུང་ཡོན་ལའེ་ཡིས་ཞིན་ཧེ་རྫོང་དང་ཐུན་ཏེ་རྫོང་དུ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་བྱེད་པའི་བྱ་བར་རྟོག་ཞིབ་བྱས་པ།

རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚེས25ཉིན་ནས་ཚེས27ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཞིན་ཧེ་རྫོང་དང་ཐུན་ཏེ་རྫོང་དུ་སོང་ནས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཅན་བཅུའི་ཏང་འཛུགས་སྐྱོང་དང་མང་ཚོགས་ཀྱི་འབབ་འཕར། དམངས་ཚིས་འགན་སྲུང་། རྒྱུ་ནོར་གསུམ་གྱི་དོ་དམ། འབྲུབ་འགོག་གནོད་སེལ། དགོན་སྡེའི་དོ་དམ་སོགས་ཀྱི་བྱ་བར་ཡུལ་དངོས་སུ་རྟོག་ཞིབ་བྱས། ཁོས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་རྩ་འཛུགས་ཀྱི་མགོ་ཁྲིད་འོག་གི་གཞི་རིམ་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་བསྒྱུར་ཁྲིད་སྟོན་བྱས་ཏེ་ རང་ངོས་དོ་དམ་དང་རང་ངོས་ཞབས་ཞུ། རང་ངོས་སློབ་གསོ། རང་ངོས་ལྟ་སྐུལ་བཅས་ཀྱི་ནུས་པ་ཆེ་རུ་བཏང་སྟེ། གཞི་རིམ་བཅོས་སྐྱོང་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་དགོས་ཞེས་ནན་གྱིས་བསྟན།

ཞུང་ཡོན་ལའེ་རོང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་ཁོ་ཚོའི་དུས་རྒྱུན་འཚོ་བ་དང་སེམས་འདུན་སྐོར་ནས་གླེང་མོལ་བྱས་པ་དང་། ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། དམངས་ཕན་སྲིད་ཇུས་ཁག་དང་ཅན་བཅུའི་ཏང་འཛུགས་སྐྱོང་བྱ་བར་འགྲེལ་བཤད་ཞིབ་ཕྲ་བྱས་ཏེ། མང་ཚོགས་ཀྱིས་ཐོན་སྐྱེད་འཕེལ་རྒྱས་དང་ཡུལ་སྲོལ་བསྒྱུར་བ། འབབ་འཕར་ཕྱུག་འགྱུར་བཅས་བྱེད་པར་སྐུལ་མ་གནང་། སྡེ་བའི་ཐུན་མོང་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་དང་ཚོང་གཉེར། ཕན་འབྲས་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་ཏེ། ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་གཞི་བཙུགས་ནས་ཁྱད་ལྡན་ཐོན་ལས་མུ་མཐུད་དུ་རྒྱ་ཆེར་གཏོང་བ་དང་ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་ལེགས་པོར་བཙུགས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་རིན་ཐང་དང་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

གཙང་དགོན་པར་སོང་ནས་དགོན་པའི་བཅའ་སྡོད་ལས་བྱེད་པ་དང་ཆོས་ལུགས་སྡེ་ཁག་གི་མི་སྣ།  དཀའ་ངལ་ཡོད་པའི་བཙུན་པ་བཅས་ལ་འཚམས་འདྲི་བྱས་ཤིང་། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཤང་གྲོང་ཏང་ཨུའི་ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་ལག་བསྟར་བྱས་ཏེ། རྒྱ་ཆེའི་བཙུན་པས་རྒྱལ་གཅེས་ཆོས་གཅེས་དང་ཁྲིམས་བརྩི་སྡོམ་སྲུང་བྱེད་པར་སྣེ་ཁྲིད་བྱ་དགོས། 1+4+Nཡི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་དགོན་སྡེའི་ཁོར་ཡུག་གཙང་སྦྲ་དང་ཕན་ཚུན་རོགས་རེས་སོགས་ཀྱི་བྱ་བ་སྤེལ་ནས་ནུས་ཤུགས་ཡོད་རྒུས་འཆམ་མཐུན་གྱི་དགོན་སྡེ་ཞིག་བསྐྲུན་དགོས་ཞེས་བསྟན།

འབྲེལ་གཏུག་ས་ཚིགས་ཏེ་རྨ་བྱང་ཤང་དུ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཐུན་ཏེ་རྫོང་ཨུ་དང་ཤང་གྲོང་ཁག་གི་ཏང་ཨུ། རྨ་བྱང་ཤང་གི་སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་བཅས་དང་མཉམ་དུ་གླེང་མོལ་བྱས་ཏེ། དཀའ་ངལ་ཡོད་པའི་གནད་དོན་རྩིས་བཤེར་དང་བྱེད་ཐབས་ཞིབ་ཕྲར་བཟོས། ཁོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། ལས་རིགས་ཀྱི་སྲིད་ཇུས་དང་ལས་སྒོའི་རྩལ་ནུས་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བྱ་བའི་བླང་བྱ་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱས་ནས། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་ནུས་པ་དང་ཆེད་ལས་ཀྱི་ནུས་པ་མཐོ་རུ་གཏོང་དགོས། ཅན་བཅུའི་ཏང་འཛུགས་སྐྱོང་བྱ་བའི་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཆེད་དོན་ལས་དོན་ཚོགས་ཆུང་ཁག་གི་ལས་འགན་གཏན་འཁེལ་དང་ཚན་རིག་ལ་མཐུན་པའི་དཔྱད་ཞིབ་གདེང་འཇོག་མ་ལག་བཟོས་ཏེ། གཞི་རིམ་གྱི་དཀའ་ཁག་སེལ་བ་དང་སྡེ་ཁག་གིས་གནད་དོན་ཐག་གཅོད་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཞབས་ཞུ་དང་ཐོན་ཁུངས། སྟོབས་ཤུགས་བཅས་གཞི་རིམ་དུ་བསྐྱལ་ཏེ་མང་ཚོགས་བློ་ཡིད་ཚིམ་མིན་དེ་བྱ་བའི་ཚད་གཞིར་བཟུང་ནས་མང་ཚོགས་ལ་ཏང་འཛུགས་སྐྱོང་གི་དགེ་མཚན་དང་དྲོད་ཁོལ་ཚོར་དུ་འཇུག་དགོས། སྡེ་བའི་དོན་དངོས་གནས་ཚུལ་ལ་གནད་འཁེལ་སྒོས་འབྲེལ་མཐུད་བྱས་ཏེ། ཐོན་ལས་དང་དམངས་ཚིས་ལས་གཞི་ཐོ་འགོད་སྙན་སེང་ཞུ་བ་དང་། དམངས་ཕན་སྒྲིག་ཆས་སོགས་སྡེ་བའི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་དགོས། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་སྐྱེད་འཕེལ་རྒྱས་ཀུང་ཟི་ལ་བརྟེན་ནས་གུན་ཚབ་ལས་སྤྲོད་ནང་དུ་ཞུགས་ཏེ་མང་ཚོགས་ཀྱི་ཡོང་སྒོ་གཏན་འཇགས་ངང་འཕར་བར་བྱ་དགོས། རོང་འབྲོག་ཁུལ་གྱི་ཡིད་རྟོན་དངུལ་བུན་གྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ་དང་། མང་ཚོགས་ཀྱི་བུ་ལོན་འཇལ་བ་དང་ཡང་བསྐྱར་དབུལ་བོར་འགྱུར་བའི་ཉེན་ཁར་སྔོན་འགོག་བྱ་དགོས། ཁོར་སྲུང་སྒྲིག་ཆས་ཆུང་གྲས་བེད་སྤྱོད་གང་ལེགས་བྱས་ཏེ། སྒོ་རའི་མཛེས་བསྒྱུར་དང་སྡེ་བའི་རྣམ་པ་བཅོས་སྐྱོང་གི་བྱ་བ་དམ་འཛིན་བྱས་ནས། མང་ཚོགས་ལ་འཕྲོད་བསྟེན་གྱི་གོམས་སྲོལ་བཟང་པོ་ཞིག་ཆགས་པར་ཁྲིད་སྟོན་བྱ་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་སྒོས། རེའུ་མིག་ཡང་དང་ཡང་དུ་བསྐངས་ནས་གྲངས་ཀ་སྙན་སེང་ཞུ་བར་གཏན་འགོག་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དོར་ནས་བྱ་བར་ཕན་འབྲས་ཐོབ་པར་འགན་སྲུང་བྱ་དགོས། བྱ་བའི་ཉམས་མྱོང་ནན་ཏན་གྱིས་སྤྱི་བསྡོམས་བྱས་ནས་ཁྱད་ཆོས་མངོན་དགོས་པ་དང་། དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་སྦྱོང་ཞིབ་བསྡུར་དང་ཕུལ་བྱུང་བརྩོན་ལེན་གྱི་རྣམ་པ་བཟང་པོ་ཞིག་བསྐྲུན་ཏེ། རོང་འབྲོག་ཁུལ་གྱི་ཏང་འཛུགས་བྱ་བ་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཁུལ་གྱི་མགོ་ཁྲིད་ཚེ་བརྟན་སྒྲོལ་མ་དང་ལིའུ་ཡན། ཏེང་ཧྲེང་ཕེང་། ཝང་ཅི་ཏུ། ཀང་ཧྥུའུ། བསོད་ནམས་བདེ་སྐྱིད་བཅས་རྟོག་ཞིབ་ལ་ཞུགས།།

热门新闻

热门图库

热门排行