སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་དགེ་མཚན་གླེང་བ།
གསར་འགོད་པ།སྐལ་བཟང་རྒྱལ།

ཁྲིམས་དཔོན་བཀྲ་ཤིས་ཚེ་རིང་།ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཞུས་ཆེན་ལོ་ཙྰ་བ།མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་གཞུང་གཏུག་པའི་མཚན་སྙན་ཐོབ་མཁན།རྒྱལ་ཡོངས་རིམ་པའི་ཕུལ་བྱུང་གཞུང་གཏུག་མཁན་གྱི་གཟེངས་རྟགས་འཛིན་མཁན།《རྒྱ་བོད་སྐད་གཉིས་བཅའ་ཁྲིམས་རིག་པའི་ཚིག་མཛོད》སྒྲིག་པ་པོ།སྲིད་ཁྲིམས་སྡེ་ཁག་གི་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཤེས་ལྡན་མི་སྣ་ཟབ་སྦྱོང་བསླབ་དེབ་ཕྲེང་བསྟར་མ35བདག་ཉིད་ཅན་གྱི་ལག་བསྟར་གཙོ་སྒྲིག་པ།ད་ལྟ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཧྲུའུ་ཅུ་གཞོན་པ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅུ་བཅས་ཀྱི་འགན་འཁུར་ཡོད།
2026ལོའི་ཟླ3པའི་ཚེས12ཉིན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》དེ་རྒྱལ་ཡོངས་དམངས་ཆེན་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་གྲོས་འཆམ་བྱུང་ཞིང་།ལེའུ་ལྔ་དང་དོན་ཚན1242ཡོད།2026ལོའི་ཟླ8པའི་ཚེས15ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་།ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐུལ་འདེད་གཏོང་བ།ཕྱོགས་ཡོངས་ནས་མཛེས་སྡུག་ཀྲུང་གོ་སྐུལ་འདེད་གཏོང་བ།མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་ཆེད།《མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར》གྱིས་ཞིང་ཆེན་ཕྱི་ནང་གི་བཅའ་ཁྲིམས་སྐད་གཉིས་སྨྲ་བ་འགའ་ལ་བཅར་འདྲི་བྱས་ཏེ།ཁྲིམས་གཞུང་གསར་པ་འདིས་རང་རྒྱལ་དང་རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་ཐད་རིན་ཐང་ག་འདྲ་ལྡན་པ་དང་།མ་འོངས་པའི་སྤྱི་ཚོགས་འཕེལ་རྒྱས་ལ་གཞོགས་འདེགས་ཅི་འདྲ་ཐོབ་པ་སོགས་ཀྱི་ཕྱོགས་ལ་སློབ་སྦྱོང་ཐེངས་ཤིག་བྱེད།
གསར་འགོད་པ།སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་འདི་བཅའ་བའི་རྒྱབ་ལྗོངས་དང་གལ་ཆེའི་དོན་སྙིང་ནི་ཅི་ཡིན།
ཁྲིམས་དཔོན།ཁྲིམས་གཞུང་འདི་བཅའ་བའི་རྒྱབ་ལྗོངས་ནི།ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་ནས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་མཐོན་པོའི་ཚད་ལ་བཞག་ཡོད་པ་དང་།སྔོན་ཆད་རང་རེའི་རྒྱལ་ཁབ་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྲོལ་ཡིག་རྐྱང་རྐྱང་ལ་བརྟེན་ནས་དོ་དམ་བྱེད་བཞིན་ཡོད་རུང་།ལམ་ལུགས་མི་གཅིག་པ་དང་།ཁྲིམས་ཚིག་ཕན་ཚུན་འགལ་བ།ཁྲིམས་ཀྱི་དོ་དམ་དང་ཁྲིམས་བཀོད་ཀྱི་ཚད་གཞི་མི་གཅིག་པ་སོགས་ཀྱི་དཀའ་ངལ་མི་ཉུང་བ་འཕྲད་ཡོད།ལོ་མང་པོར་ལག་ལེན་བྱས་པ་བརྒྱུད།རྫབ་སྐྱོན་འགོག་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་སྐྱོང་ཉམས་མྱོང་ཕུན་སུམ་ཚོགས་པ་ཆགས་ཡོད་པ་དང་གཅིག ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་ན་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་དགོས་པ་དང་གཉིས།ད་དུང་རང་རེའི་རྒྱལ་ཁབ་ཀྱིས་འཛམ་བུ་གླིང་གི་སྐྱེ་འགྲོ་ཡོངས་ཀྱི་བདེ་སྡུག་ལ་ནུས་ཤུགས་གང་ལེགས་བཏང་བ་དང་གསུམ་བཅས་ཀྱིས།སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་འདི་རྩོམ་སྒྲིག་བྱེད་པའི་མཐུན་རྐྱེན་ཡོངས་སུ་ཚང་བར་ཆགས་པ་རེད།
གལ་ཆེའི་དོན་སྙིང་ལ་དྲུག་སྟེ།དང་པོ་ནི་ཆབ་སྲིད་ཀྱི་དོན་སྙིང་ཡོད་དེ།ཁྲིམས་ཀྱི་ལམ་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་ཐད་ཀྱི་དགོངས་དོན་དང་མཛེས་ཤིང་སྐྱིད་པའི་རྒྱལ་ཁབ་འཛུགས་སྐྲུན་འཐབ་ཇུས་ལ་སློབ་སྦྱོང་བྱེད་པ་ཇེ་བརྟན་ནས་ཇེ་བརྟན་དུ་གཏོང་ཐུབ།གཉིས་པ་ནི་ཁྲིམས་ལུགས་ཀྱི་དོན་སྙིང་ཡོད་དེ།སྐྱེ་ཁམས་ཐད་ཀྱི་ཁྲིམས་ཡིག་ཚང་མ་གཞི་གཅིག་ཏུ་བསྒྲིགས་ནས།ཤིན་ཏུ་ཆ་ཚང་བའི་སྐྱེ་ཁམས་ཁྲིམས་གཞུང་མ་ལག་གསར་པ་ཞིག་ཆགས་སུ་བཅུག་པ་རེད།གསུམ་པ་ནི་དོ་དམ་གྱི་དོན་སྙིང་ཡོད་དེ།རི་ཆུ་ནགས་ཞིང་མཚེའུ་དང་།རྩྭ་དང་བྱེ་མ་གཞི་གཅིག་ཅན་གྱི་ལམ་ལུགས་ལག་ཏུ་བསྟར་ནས།ཕན་ཚུན་དོ་མཉམ་སྒོས་སྐྱོང་བར་ཡར་སྐུལ་བཏང་བ་རེད།བཞི་པ་ནི་དམངས་འཚོའི་དོན་སྙིང་ཡོད་དེ།མཛེས་པའི་སྐྱེ་ཁམས་ཁོར་ཡུག་འདིས་དམངས་ཡོངས་ལ་ཕན་པའི་སྤྱི་ཕན་འཚོ་ཚིས་ཡུན་རིང་ལ་འཛིན་སྐྱོང་བྱེད་ཐུབ།ལྔ་པ་ནི་འཕེལ་རྒྱས་ཀྱི་དོན་སྙིང་ཡོད་དེ།འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་བ་དང་སྲུང་སྐྱོང་གི་ཆུ་ཚད་མཐོ་བ་གཉིས་ཕན་ཚུན་ཟུང་འཛིན་བྱས་ཏེ།སྤྱི་ཚོགས་ཧྲིལ་པོ་ལྗང་མདོག་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་རེད།དྲུག་པ་ནི་རྒྱལ་སྤྱིའི་དོན་སྙིང་ཡོད་དེ།འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་བཅོས་སྐྱོང་ཐད་ལ་ཀྲུང་གོའི་ཁྲིམས་སྐྱོང་ཐབས་ལམ་ཡག་པོ་ཞིག་ཕུལ་བ་རེད།
གསར་འགོད་པ།སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་འདི་ལག་ཏུ་བསྟར་བ་དེས་མཚོ་སྔོན་གྱི་སྐྱེ་ཁམས་བཅོས་སྐྱོང་དང་།འབྲོག་པའི་ལས་དབང་།འཚོ་བ།འདུ་ཤེས་འཛིན་སྟངས་བཅས་ལ་འགྱུར་ལྡོག་ག་འདྲ་ཐེབས་རྒྱུ་རེད།
ཁྲིམས་དཔོན།སྐྱེ་ཁམས་བཅོས་སྐྱོང་ཐད་ནས་བལྟས་ན།ཁྲིམས་གཞུང་འདི་དང《མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》གཉིས་ཕན་ཚུན་མཉམ་གནས་བྱས་ཏེ།ད་སྔ་ཁ་ཐོར་རུས་ཐོར་སྒོས་ཆ་ཤས་བགོས་ཏེ་དོ་དམ་བྱེད་པའི་དཀའ་ངལ་དེ་བསལ་ནས།རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་དང་།མཚོ་ཆེན་ཁྲི་ཤོག་རྒྱལ་མོའི་མཐའ་འཁོར།མདོ་ལ་རི་རྒྱུད་བཅས་གཞི་གཅིག་ཅན་དུ་བསྒྲིལ་ནས་སྲུང་སྐྱོབ་བྱེད་པ་ལ་སྐུལ་འདེད་བཏང་སྟེ།སྐྱེ་ཁམས་ཉམས་སྐྱོན་གྱི་གསོ་འཇལ་དང་སྤྱི་ཡོངས་ཀྱི་དགོངས་སྨན་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་རྒྱུན་འཛིན་བྱས་པ་དང་།“ཀྲུང་ཧྭའི་ཆུ་ལྕོག”གི་མཐོ་སྒང་འདི་ཁྲིམས་ཀྱིས་སྐྱོང་བའི་ར་བ་ཇེ་བརྟན་དང་།གཙང་པོའི་འབབ་རྒྱུད་ཡོངས་དང་འབྲེལ་ཡོད་ས་ཁུལ་སོ་སོ་བར་ནས་སྐྱིད་ན་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་།སྡུག་ན་སྡུག་གི་ཁུར་བོ་མཉམ་འཁུར་བྱེད་པའི་མཉམ་སྲུང་མཉམ་བཅོས་བྱེད་པ་ལྷག་ཏུ་ཚད་ལྡན་དུ་འགྱུར་རྒྱུ་རེད།
འབྲོག་པའི་ལས་དབང་ངོས་ནས་བལྟས་ན།མགོ་ནག་བརྟེན་ས་སྤུ་ནག་དང་།སྤུ་ནག་བརྟེན་ས་རྩྭ་ནག་ཡིན་པའི་ཆོས་ཉིད་མ་འགྱུར་རུང་།རྩྭ་དང་ཕྱུགས་ཀྱི་འཕེལ་ཁ་ཁྲིམས་ཀྱིས་སྙོམས་སྒྲིག་བྱེད་པའི་དུས་རབས་གསར་པར་ཐོན་ནས།སྲོལ་རྒྱུན་གྱི་འབྲོག་ལས་དེ་སྐྱེ་ཁམས་འབྲོག་ལས་ལ་བསྒྱུར་བར་སྐུལ་འདེད་བཏང་བ་དང་།སྐྱེ་ཁམས་གསོ་འཇལ་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཡོང་བར་ཁྲིམས་ཀྱི་ཁག་ཐེག་ཡོད་པས།འབྲོག་མིའི་ཡོང་འབབ་ཀྱི་ལམ་ཁ་སྔར་ལས་ཇེ་ཆེ་ནས་ཇེ་ཆེར་འགྲོ་རྒྱུ་རེད།
འབྲོག་པའི་འཚོ་བའི་ཐད་ནས་བལྟས་ན།རང་རང་གི་ཕ་ཡུལ་ལྷ་ཡུལ་ལྟ་བུ་དང་ཁོར་ཡུག་ཐམས་ཅད་དྲི་ཟའི་ཡུལ་དང་མཚུངས་པ།ཁྱིམ་ཚང་རེ་རེ་གཞལ་ཡས་ཁང་ལྟར་བསྐྲུན་རྒྱུ་ནི་རྒྱལ་ཁབ་ཀྱིས་ཞིང་གྲོང་དར་སྤེལ་བྱེད་པའི་དམིགས་འབེན་ཉག་གཅིག་ཡིན་པས།རྩྭ་ཐང་གི་ཕྱགས་ལུད་ཕུད་པ་དང་རྫབ་སྐྱོན་སེལ་བ།རི་དྭགས་ཀྱིས་རྨས་པ་གསབ་འཇལ་སོགས་ཚང་མ་ཁྲིམས་སྐྱོང་གི་ལམ་དུ་བཅུག་ནས།རང་གི་ཁེ་ཕན་ཁྲིམས་ཀྱིས་སྲུང་བའི་ལམ་ཁ་ཇེ་ཡངས་དང་།དམངས་ཀྱི་བདེ་སྐྱིད་ཁྲིམས་ཀྱིས་སྟེར་བའི་བདེན་པ་ཇེ་བརྟན་དུ་སོང་ནས།སྔོན་ཆད་ར་རྫི་ལུག་རྫི་ནོར་རྫི་ཡིན་པའི་འབྲོག་པ་མང་པོ་ཞིག་ཕྱིན་ཆད་རྩྭ་སྲུང་ཆུ་སྲུང་ནགས་སྲུང་ཡིན་པའི་མི་ཚེའི་འགྱུར་ལྡོག་ལ་བརྟེན་ནས་ཟླ་ཕོགས་དུས་ལྟར་ལེན་པའི་མིའི་གྲས་སུ་ཚུད་དེ།སྐྱེ་ཁམས་གསོ་འཇལ་ལམ་ལུགས་ཀྱི་ཁེ་ཕན་མྱོང་རེག་བྱེད་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་རྒྱུ་རེད།
འདུ་ཤེས་འཛིན་སྟངས་ཐད་ནས་བལྟས་ན།མི་དམངས་ཀྱི་སྲོལ་རྒྱུན་སྐྱེ་ཁམས་བློ་སྦྱོང་དང་དེང་རབས་ཁྲིམས་སྐྱོང་གི་བསམ་བློ་གཉིས་ཕན་ཚུན་འདྲེས་ཏེ།སྐྱེ་ཁམས་སྲུང་སྐྱོབ་ནི་སྲིད་ཇུས་ཀྱི་ཁ་གཡང་ཙམ་ནས་ཁྲིམས་བཀོད་ཀྱི་འོས་འགན་དུ་གྱུར་བ་དང་།རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པའི་བློ་སྦྱོང་ལས་འཕགས་ཏེ།མིག་མཐོང་ལག་ཟིན་གྱི་སྒོར་མོ་ལག་ཏུ་འབབ་རྒྱུ་ཡོད་པར་འགྱུར་བ་དང་།འབྲོག་པ་ནི་ཟོག་རྫི་ཙམ་མ་ཡིན་པར་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་མཁན་དུ་འགྱུར་བ་སོགས་འགྱུར་ལྡོག་ཆེན་པོ་འབྱུང་བ་བློ་ཡུལ་དུ་མི་ཤོང་བ་ཞིག་ཡིན་ཡང་།འབྲོག་ཁུལ་ས་རྒྱ་ཆེ་བ་དང་འབྲོག་པས་རྒྱ་སྐད་མི་གོ་བ་སོགས་ཀྱི་གནས་ཚུལ་དངོས་ལ་དམིགས་ནས།ང་ཚོས་རྒྱ་བོད་སྐད་གཉིས་ཀྱི་བཅའ་ཁྲིམས་སློབ་གསོ་རབས་དང་རིམ་པ་སྤེལ་ན་ཅུང་མི་འགོར་བར་འབྲོག་པའི་བསམ་བློ་ལའང་དེང་རབས་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་བ་གདོན་མི་ཟའོ། །
གསར་འགོད་པ།འཛམ་བུ་གླིང་གི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་གནས་ཚུལ་དང་།རང་རེའི་རྒྱལ་ཁབ་ཏུ་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་འདི་ལ་དེ་འདྲའི་མཐོང་ཆེན་བྱེད་དོན་ཅི་ཡིན།
ཁྲིམས་དཔོན།འཛམ་བུ་གླིང་དུ་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཁྲིམས་སྲོལ་ལྔ་བརྒྱ་ལྷག་ཙམ་ཡོད་ལ།མང་ཆེ་ཤོས་ནི་སྐྱེ་ཁམས་རྐྱང་རྐྱང་གི་ཁྲིམས་སྲོལ་རྐྱང་བ་ཏག་ཏག་རེད།དེའི་ནང་དུ་སུའེ་ཏེན་དང་།ཧྥ་རན་སི།ཧ་སག་སི་ཐན་སོགས་རྒྱལ་ཁབ་ཉུང་ཤས་ཀྱིས་སྐྱེ་ཁམས་ཁྲིམས་གཞུང་རྩོམ་སྒྲིག་བྱས་ཡོད།རང་རེའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་འདི་ནི་འཛམ་བུ་གླིང་གི་ཆེས་ཐོག་མའི་རྫབ་སྐྱོན་འགོག་བཅོས་དང་།སྐྱེ་ཁམས་སྲུང་སྐྱོབ།ཐཱན་ཉུང་ལྗང་མདོག་ཅན་དུ་འཕེལ་རྒྱས་འགྲོ་བ་བཅས་ཕན་ཚུན་ཟུང་འཛིན་བྱས་པའི་ཁྲིམས་གཞུང་ཐོག་མ་ཡིན་ཞིང་།ཀྲུང་གོའི་ཁྱད་ཆོས་འབུར་དུ་ཐོན་ཡོད།
རང་རེའི་རྒྱལ་ཁབ་ཀྱིས་ཁྲིམས་གཞུང་འདི་ལ་དེ་འདྲའི་མཐོང་ཆེན་བྱ་དགོས་དོན་གཙོ་བོ་ནི་ཏང་ཀྲུང་དབྱང་གི་གལ་ཆེའི་འཐབ་ཇུས་ལག་ཏུ་བསྟར་ཏེ།ཁྲིམས་ལམ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཡུན་རིང་པོར་འགན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་བླང་བྱ་ཡོད་པ་དང་གཅིག སྐྱེ་ཁམས་ཁྲིམས་ཡིག་ཐར་ཐོར་ཡིན་པའི་དཀའ་ངལ་བསལ་ཏེ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཆགས་སུ་བཅུག་པ་དང་གཉིས།སྐྱེ་ཁམས་མ་ལག་གཅིག་མཚུངས་ཀྱི་གོ་རིགས་ལ་དམིགས་སྟེ།སྐྱེ་ཁམས་ཁོར་ཡུག་དོ་དམ་མ་ལག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་དང་གསུམ།གང་ཞིག་སྲུང་སྐྱོང་བྱ་དགོས་པ་དང་ཅི་ཞིག་འཕེལ་རྒྱས་བྱ་དགོས་པའི་ལས་མཚམས་གསལ་པོར་དབྱེ་ནས།དཔལ་འབྱོར་དང་སྤྱི་ཚོགས་ཧྲིལ་པོ་ལྗང་མདོག་ཅན་དུ་བསྒྱུར་བའི་རྒྱབ་རྟེན་དུ་གྱུར་བ་དང་བཞི།སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱས་པ་དང་ལྔ།རྒྱལ་སྤྱིའི་སྐྱེ་ཁམས་ཐད་ཀྱི་འོས་འགན་རང་འགུལ་སྒོས་བསྒྲུབས་ཏེ།འཛམ་བུ་གླིང་གི་སྐྱེ་ཁམས་དོ་དམ་ཐོག་གི་གཏམ་བཤད་ངག་སྒོ་ཡངས་བར་ཕྱེས་པ་དང་དྲུག་བཅས་སོ། །