གནད་བསྡུས། 详情

《བོད་ཀྱི་རྩིས་རིག་ཀུན་བཏུས》པར་སྐྲུན་འགྲེམ་སྤེལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་ནས་གནས་ཚུལ་འབྱོར་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་རྩོམ་སྒྲིག་གནང་བའི《བོད་ཀྱི་རྩིས་རིག་ཀུན་བཏུས》པར་སྐྲུན་འགྲེམ་སྤེལ་བྱས་ཡོད། དཔེ་ཚོགས་འདི་ཉིད་པོད་གྲངས30དང་། ཡིག་འབྲུ་ཁྲི2600ལ་ཉེ་བ་ཡོད་ཅིང་། མཁས་པ་བརྒྱ་ཕྲག་ལྷག་གི་གཞུང་ལུགས་གཅེས་བཏུས183འདུས་པས། རྣམ་གཞག་ཆ་ཚང་ཞིང་ནང་དོན་དབང་ཟིལ་ལྡན་པ་ཡིན།

བོད་ཀྱི་རྩིས་རིག་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེ་ལ་ལོ་ངོ1000ལྷག་གི་ལོ་རྒྱུས་ལྡན། དེ་ནི་བོད་ཀྱི་རྩིས་རིག་མཁས་པ་རྣམས་ཀྱིས་ཡུན་རིང་ཉི་ཟླ་གཟའ་སྐར་གྱི་འཁོར་སྐྱོད་དང་། སྐྱེ་དངོས་འཚར་ལོངས་ཀྱི་ཆོས་ཉིད། གནམ་གཤིས་འགྱུར་ལྡོག་བཅས་ལ་རྟོག་ཞིབ་བྱས་ཏེ། རྒྱུན་ཆད་མེད་པར་ཕྱོགས་སྡོམ་དང་གསོག་འཇོག་བྱས་པ་ལས་གྲུབ་པའི་རིག་གཞུང་མ་ལག་ཅིག་ཡིན། དེའི་ནང་དུ་གནམ་རིག་སྐར་རྩིས་དང་། བོད་ཀྱི་གསོ་བ་རིག་པའི་བརྟག་དཔྱད་བཅོས་ཐབས། མཐོ་སྒང་གི་བདེ་ཐང་གསོ་སྐྱོང་། ཞིང་འབྲོག་ཐོན་སྐྱེད། མི་ཆོས་ལོ་རྒྱུས་སོགས་ཀྱི་ཁྱབ་ཁོངས་འདུས་ཤིང་། ཚན་རིག་གི་ནང་དོན་དང་ལག་ལེན་གྱི་རིན་ཐང་གཉིས་ཀ་ལྡན།

རྒྱུས་ལོན་པ་ལྟར་ན། རྒྱུན་ཆད་ལ་ཉེ་བའི་དཔེ་རྙིང་རྣམས་འཚོལ་སྐྱོབ་བྱ་ཆེད། རྩོམ་སྒྲིག་ཚོགས་པས་རྒྱལ་ནང་གི་ས་ཁུལ་མང་པོར་ཐེངས་གྲངས30ལྷག་ཙམ་བསྐྱོད་དེ་དཔྱད་གཞིའི་ཡིག་ཆ་བསྡུ་རུབ་བྱས་པ་དང་། ཐག་རིང་ཕྱི་རྒྱལ་གྱི་དཔེ་མཛོད་ཁང་དུ་ཕྱིན་ཏེ་དཀོན་པའི་ལག་བྲིས་དང་པར་མ་རྣམས་བཙལ་འཚོལ་བྱས་པ་བརྒྱུད། བསྡོམས་པས་བོད་ཀྱི་རྩིས་རིག་དང་འབྲེལ་བའི་དཔེ་ཆ་རིགས400ལྷག་སྐྱོབ་འཚོལ་བྱས་ཡོད། དཔེ་ཚོགས་འདི་ཉིད་མ་ཕྱི་སོར་བཞག་གིས་སྲུང་སྐྱོབ་དང་། མཁས་པའི་ལུགས་སྲོལ། མི་ཀུན་ལ་འཚམ་པའི་རྩ་དོན་བཅས་ལ་བརྩི་སྲུང་ནན་ཏན་བྱས་ཏེ། གསར་གཏོད་ཀྱི་སྒོ་ནས་ཚད་ལྡན་གྱི་དབྱེ་བསྡུའི་མ་ལག་སུམ་རྩེག་བཙུགས་ཤིང་། ལེའུ6དང་ས་བཅད183རྣམ་གྲངས577ཡོད་པའི་སྒྲིག་གཞི་ཚགས་དམ་པ་ཞིག་གྲུབ་པར་བྱས་ལ། དཔེ་ཚོགས་ཧྲིལ་པོའི་ལུས་ཀྱི་རྣམ་གཞག་དང་དཀར་ཆག མཆན་འགྲེལ། རྩོམ་པ་པོའི་གནས་ཚུལ་བཅས་གཅིག་གྱུར་གྱི་སྒོ་ནས་ཚད་ལྡན་དུ་བཟོས་ཡོད། དཔེ་ཚོགས་འདིས་དུས་བཞིའི་བདེ་ཐང་སྲུང་སྐྱོང་དང་། དུས་ཚིགས་ཀྱི་ནད་སྔོན་འགོག ། གསོ་སྨན་བཟོ་སྦྱོར་སོགས་མཐོ་སྒང་གི་སྲོལ་རྒྱུན་ཤེས་རབ་རྣམས་གནད་དུ་བསྡུས་ཤིང་། མཁས་པའི་རང་བཞིན་དང་ལོ་རྒྱུས་ཀྱི་རིན་ཐང་། དམངས་ཁྲོད་དུ་ཁྱབ་གདལ་གཏོང་བའི་རང་བཞིན་བཅས་གཅིག་ཏུ་འདུས་པས། མཚོ་བོད་མཐོ་སྒང་གི་ལོ་ངོ་སྟོང་ཕྲག་རིང་གི་གསོ་རིག་དང་རྩིས་རིག་གི་རིག་གཞུང་གི་རྒྱུན་སྤེལ་བ་མ་ཟད། ད་དུང་ཁུངས་བཙན་པའི་ལོ་རྒྱུས་ཀྱི་དཔྱད་གཞི་ལ་བརྟེན་ནས་མི་རིགས་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱུང་བའི་འཕེལ་རིམ་གྱི་རྒྱུན་ལའང་དངོས་སུ་བདེན་དཔང་བྱས་ཡོད། །

热门新闻

热门图库

热门排行