གནད་བསྡུས། 详情

མཚོ་ལྷོ་ཁུལ་གྱིས་འབྲུབ་འགོག་གནོད་སེལ་ལ་ནུས་ཤུགས་ཡོད་རྒུ་བཏོན།

ཟླ8པའི་ཚེས25ཉིན་གྱི་ཆུ་ཚོད8ནས་ཚེས26ཉིན་གྱི་ཆུ་ཚོད8བར། མཚོ་ལྷོ་ཁུལ་དུ་གཞི་རྒྱ་ཆེ་བའི་དྲག་ཆར་བབས་པ་དང་། ཁུལ་ཡོངས་ཀྱི་ལྟ་ཞིབ་ཚད་ལེན་ས་ཚིགས552ཁྲོད་ཀྱི་ས་ཚིགས428ལ་ཆར་བ་བབས་ཏེ་འབབ་ཚད་ཆེས་ཆེ་ཤོས་ཧའོ་སྨི78.4ཡིན་པ་དང་ཆུ་ཚོད་རེའི་ཆར་བ་འབབ་ཚད་ཆེས་ཆེ་ཤོས་ཧའོ་སྨི53.8ཡིན་པས། དྲག་རླུང་གི་གནམ་གཤིས་ལས་རིགས་མི་འདྲ་བའི་ཉེན་ཁའི་གནས་ཚུལ33བྱུང་ཡོད། མཚོ་ལྷོ་ཁུལ་གྱིས་དུས་ཐོག་ཏུ་འཕྲལ་བསྟུན་བཀའ་བརྡ་དང་ལེན་བྱས་ཏེ། རིམ་པ་ཁག་དང་སྡེ་ཁག་སོ་སོའི་ལས་བྱེད་མི་སྣ་ཡོངས་ཀྱིས་ལས་གནས་བརྟན་སྲུང་སྒོས་འབྲུབ་འགོག་གི་ཉེན་ཁ་སེལ་བ་དང་། འབྲུབ་འགོག་གནོད་སེལ་གྱི་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས། མིག་སྔའི་བར་དུ་ཁུལ་ཡོངས་སུ་མི་ལ་ཤི་རྨས་གཅིག་ཀྱང་ཐེབས་མེད།

 དྲག་ཆར་བབས་རྗེས་མཚོ་ལྷོ་ཁུལ་གྱིས་དུས་ཐོག་ཏུ་དོ་སྣང་ཆེན་པོ་བྱས་ཏེ། འབྲུབ་འགོག་འཕྲལ་བསྟུན་གྱི་བཀའ་བརྡ་དེ་རིམ་པ་བཞི་པ་ནས་རིམ་པ་གསུམ་པར་མཐོ་རུ་བཏང་ཞིང་། དུས་མཉམ་དུ་ས་གཤིས་གནོད་འཚེའི་རིམ་པ་གསུམ་པའི་འཕྲལ་བསྟུན་བཀའ་བརྡ་དང་ལེན་བྱེད་མགོ་བརྩམས་པ་རེད། ཁུལ་ཡོངས་སུ་གནམ་གཤིས་དང་ས་གཤིས། ཆུ་ལོག་བཅས་ཀྱི་ཉེན་ཁའི་སྔོན་བརྡ་མང་པོ་བསྒྲགས་ཏེ། ཕན་ཚུན་འབྲེལ་མཐུད་ཀྱི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས། རིམ་རྩིས་བྱས་ན་གཞི་རིམ་ལས་བྱེད་པ་དང་ཁེ་ལས་ཀྱི་འགན་འཁུར་བ་མི་ཐེངས440ལས་བརྒལ་བ་ལྷག་གིས་ཕན་ཚུན་འབྲེལ་མཐུད་བྱས།

ཁུལ་ཡོངས་ཀྱིས་མཛེས་ལྗོངས་ཁུལ་དང་བཟོ་སྐྲུན་ལས་ཡུལ་སོགས་གཙོ་གནད་ས་ཁུལ341གི་བྱ་བའི་ལས་མཚམས་བཞག་ལ། རིམ་རྩིས་བྱས་ན་ཁྱིམ་ཚང736གི་མི2300གནས་སྤོ་དང་། ཨར་ལས་བ་དང་ཡུལ་སྐོར་བ་མི555ཕྱིར་ཟློག་བྱེད་དུ་བཅུག ལས་རིགས་དང་སྡེ་ཁག་སོ་སོའི་ལས་བྱེད་མི་སྣ་ཡོངས་ཀྱིས་ལས་གནས་བརྟན་སྲུང་སྒོས་ཆུ་མཛོད་དང་ཆུ་ལམ། བྱུར་རྐྱེན་བཅས་ལ་གྲལ་བཤེར་བྱས་ཏེ་གནོད་ཐེབས་སྒྲིག་བཀོད་དུས་ཐོག་ཏུ་བསྐྱར་བཟོ་བྱས་པ་དང་། གནམ་གཤིས་སྡེ་ཁག་གི་སྔོན་བརྡ་ལྟར་ན། དེ་རིང་ཁུལ་ཡོངས་སུ་སྔར་བཞིན་ཆར་བ་དང་དྲག་ཆར་ཡོད་པ་དང་། ཆར་ཞོད་ཀྱི་གནོད་འཚེའི་ཉེན་ཁ་ཡང་བསྐྱར་འབྱུང་སྲིད་པས། ཁུལ་ཡོངས་ཀྱི་འབྲུབ་འགོག་ལས་དོན་ལ་སྔར་བཞིན་ནུས་ཤུགས་ཡོད་རྒུ་བཏོན་དང་འདོན་བཞིན་ཡོད།


热门新闻

热门图库

热门排行