གཙོ་གནད། 详情

ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་འདམ་རུད་ཀྱི་གནོད་འཚེ་བྱུང་བར་མཛུབ་སྟོན་གལ་ཆེན་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས26ཉིན་གྱི་ཆུ་ཚོད10དང་སྐར་མ30ཙམ་ལ། ནེ་པ་ལའི་ཕྱོགས་སུ་འདམ་རུད་ཀྱི་གནོད་འཚེ་བྱུང་བ་ལས་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འགག་སྒོར་མི་སྣ་ཤི་རྨས་ཚབས་ཆེན་དང་འབྲེལ་ཆད་གནས་ཚུལ་བྱུང་ཡོད། 

གནོད་འཚེ་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཆེན་པོ་མཛད་ཅིང་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། ད་ལྟའི་ལས་འགན་གཙོ་བོ་ནི་ཐབས་ཤེས་ཡོད་རྒུས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་། ཉེན་ཁར་ཐུག་པའི་མང་ཚོགས་གནས་སྤོར་བཀོད་སྒྲིག་བྱེད་པ། ནད་པ་མྱུར་སྐྱོབ་བྱེད་པ་བཅས་བྱས་ཏེ། ཚད་གཞི་ཆེས་ཆེ་བའི་སྒོ་ནས་མི་སྣ་ཤི་རྨས་ཇེ་ཉུང་དུ་གཏོང་རྒྱུ་དེ་ཡིན། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བར་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་པར་རོགས་སྐྱོབ་བྱེད་ཐབས་སྤྱད་དེ། ཞོར་ཐོན་གནོད་འཚེ་འབྱུང་བར་སྔོན་འགོག་བྱེད་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་ནི་ཆར་ཞོད་འགོག་པའི་གནད་འགག་གི་དུས་སྐབས་ཡིན་པས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་ཚང་མས་ཚད་མཐའི་བསམ་གཞིགས་དང་མཐའ་ཚད་འཛིན་སེམས་གྱིས་འབྲུབ་འགོག་དང་རླུང་འཚུབ་འགོག་སྲུང་གི་བྱ་ཐབས་སོ་སོ་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཉེན་ཁ་སྣ་ཚོགས་ལ་བརྟག་དཔྱད་ཞིབ་བཤེར་དང་དག་ཐེར་མཐར་ཕྱིན་བྱས་ཏེ། གནོད་འཚེ་ཚབས་ཆེན་འབྱུང་བར་དོགས་ཟོན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ། འཕྲལ་དུ་འབྲེལ་ཆད་དང་གནོད་ཐེབས་མི་གྲངས་རྩད་གཅོད་གསལ་པོ་བྱེད་པ་དང་། སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གནོད་སེལ་ལས་དོན་སྒྲུབ་པ། དུས་ཐོག་ཏུ་གོ་རིམ་ལྡན་པའི་སྒོ་ནས་ཉེན་ཁ་ཅན་གྱི་མང་ཚོགས་གནས་སྤོར་བྱེད་དགོས་པ་དང་ཆབས་ཅིག ཚན་རིག་དང་མཐུན་པར་རོགས་སྐྱོབ་བྱེད་སྟངས་ལ་དོ་སྣང་བྱས་ཏེ། ཞོར་ཐོན་གནོད་འཚེ་འབྱུང་བར་གཟབ་ནན་གྱིས་སྔོན་འགོག་བྱེད་དགོས། ཕྱི་འབྲེལ་པུའུ་ཡིས་འབྲེལ་ཡོད་རྒྱལ་ཁབ་བར་མཐུན་སྦྱོར་འབྲེལ་འདྲིས་ཡག་པོ་བྱས་ཏེ་གནས་ཚུལ་བརྡ་ཁྱབ་བཏང་ནས། མཉམ་དུ་རོགས་སྐྱོར་ཐག་གཅོད་ལས་དོན་ལེགས་པར་བསྒྲུབ་དགོས། མིག་སྔར་ནི་བྲུག་གཞུང་ཡིན་པས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་ལས་ཁུངས་དང་གནོད་འཚེ་ཉུང་གཏོང་རྒུད་སྐྱོབ་ཨུ་ཡོན་ལྷན་ཁང་གིས་ས་གནས་སོ་སོར་གནོད་འཚེ་ཕོག་སྲིད་པའི་རྒྱུ་རྐྱེན་གཏིང་ཟབ་ངང་བརྟག་བཤེར་བྱེད་པ་དང་། ཉེན་ཁའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་། ཉེན་ཁ་སེལ་ཞིང་འཇིགས་པ་གཡོལ་ཐབས་སོགས་ལ་ཤུགས་བསྣན་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། 

ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་སྡེ་ཚན་སྐོར་ཞིག་གི་འགན་འཁུར་བློ་མཐུན་ཁྲིད་དེ་ཡུལ་དངོས་སུ་ཕེབས་ནས་རོགས་སྐྱོབ་ལས་དོན་སྤེལ་བའི་ཐད་མཛུབ་ཁྲིད་གནང་། བོད་ལྗོངས་ཀྱིས་སྟོབས་ཤུགས་ཡོད་དགུ་བསྡུས་ཏེ་ཡུལ་དངོས་འཚོལ་སྐྱོབ་སོགས་ཀྱི་ལས་དོན་ཧུར་ཐག་གིས་བསྒྲུབས་བཞིན་ཡོད། མིག་སྔར་འབྲེལ་ཡོད་ལས་དོན་སྤེལ་བཞིན་པའི་སྒང་རེད། ། 

热门新闻

热门图库

热门排行